གཙོ་ངོས།>> སློབ་གསོ།>>སློབ་གསོའི་ཉམས་མྱོང་།

ཆོས་འཛིན་རྡོ་རྗེ། རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།མཚོ་སྔོན་བོད་ཡིག་གསར་འགྱུར སྤེལ་དུས། ༢༠༢༡ལོའི་ཟླ་བ་༠༧ཚེས་༢༦ཉིན།

༄༅།། སློབ་རའི་བརྙས་བཅོས་ཀྱི་སྐོར་ཅུང་ཟད་གླེང་བ།


གཅན་ཚ། ཆོས་འཛིན་རྡོ་རྗེ།

        སྤྱིར་སློབ་ར་ནས་སློབ་མ་ཕན་ཚུན་བར་རྩོད་གླེང་བྱུང་བ་དང་། ལན་རེར་འཁོན་རེས་རྒྱག་རེས་ཀྱི་སྣང་ཚུལ་བྱུང་བ་ནི་རྒྱུན་ལྡན་ཞིག་ཡིན་ལ། དེ་ཡང་དུས་ལྟར་སློབ་གྲྭས་གནས་ཚུལ་ལ་རྒྱུས་ལོན་བྱེད་མ་ཐུབ་པ་དང་། ཐག་གཅོད་བྱེད་མ་ཐུབ་ཚེ་འགལ་བ་ཇེ་ཆེར་འགྲོ་བ་དང་། ཡང་ན་ཚོགས་པ་ཅན་དུ་འགྱུར་བ་རེད། འགལ་བ་ཇེ་ཆེར་སོང་སྟེ་ཕན་ཚུན་དགྲ་བོའམ་སྙིང་ནད་ཡོད་པ་ལྟ་བུར་གྱུར་ཚེ།དེ་ནི་ཉེན་ཁ་ཆེ་བ་ཞིག་ཏུ་འགྲོ་བས་སློབ་གྲྭའི་ཕྱོགས་ནས་དེའི་རིགས་ལ་ཧ་ཅང་གཟབ་འོས། གལ་ཏེ་སློབ་གྲྭ་དང་འཛིན་བདག་གིས་དེའི་ཕྱོགས་ལ་དོ་སྣང་མ་བྱས་ཚེ་སློབ་མར་གནོད་འཚེ་ཐེབས་ཚད་ཇེ་མང་དུ་འགྲོ་སྲིད་པས་ནམ་ཡང་སློབ་གྲྭའི་བྱ་བ་གཙོ་བོ་ཞིག་ལ་ངོས་འཛིན་བྱེད་དགོས་ཤིང་། བྱ་བ་འདི་ཧུར་ཐག་འབད་ཐག་གིས་བསྒྲུབ་རྒྱུ་ནི་ཧ་ཅང་གལ་ཆེ། བྱ་བ་འདི་སྒྲུབ་པ་ལེགས་ཚེ་སློབ་རའི་བརྙས་བཅོས་མི་འབྱུང་བའམ་བྱུང་ཚད་ཧ་ཅང་ཉུང་བ་རེད། དེ་བཞིན་དུ་ཁྱིམ་གྱི་སློབ་གསོ་ཡང་ཤིན་ཏུ་གལ་ཆེ་བ་སྟེ། ཁྱིམ་སྲོལ་མ་ལེགས་ན་བུ་ཕྲུག་ངན་ལང་དུ་འགྲོ་བ་དང་ཚུལ་མིན་གྱི་བྱ་སྤྱོད་ལ་ཞུགས་པའམ་ཁྲིམས་འགལ་གྱི་སྣང་ཚུལ་འབྱུང་སླ་བས་ཁྱིམ་ཚང་གི་སློབ་གསོ་ཡང་ཤིན་ཏུ་གལ་ཆེ་བ་ཡིན། གཞན་ཡང་སྤྱི་ཚོགས་ཀྱི་ངོས་ནས་ཀྱང་སློབ་རའི་བརྙས་བཅོས་ལ་དོ་སྣང་བྱེད་ཀྱིན་ཡོད་པ་དང་། ལྷག་པར་ལོ་འདི་གའི་རིང་རྒྱལ་ཁབ་ཀྱི་ཁྲིམས་ལུགས་འཐུས་ཚང་དུ་གྱུར་པ་དང་བསྟུན་ནས་ནར་མ་སོན་པའི་བྱིས་པའམ་སློབ་མ་རྣམས་ཀྱི་བདེ་འཇགས་ལ་ཁག་ཐེག་ཡོད་པར་གྱུར།

དང་པོ། སློབ་རའི་བརྙས་བཅོས་ཀྱི་གོ་དོན་དང་ཞུགས་མཁན།
        སློབ་རའི་བརྙས་བཅོས་ནི་སློབ་རའི་ཕྱི་ནང་དུ་སློབ་མའི་ཞུགས་ཚད་གཙོ་བོ་ཡིན་པའི་རྡུང་རྡེག་རང་བཞིན་གྱི་བྱ་སྤྱོད་ལ་ཟེར་ཞིང།2020ལོར་རང་རྒྱལ་གྱིས་བཅོས་བསྒྱུར་གཏན་འབེབས་བྱས་པའི་ནར་མ་སོན་པའི་མི་ལ་སྲུང་སྐྱོབ་བྱེད་པའི་བཅའ་ཁྲིམས་ནང་དུ།སློབ་མའི་བརྙས་བཅོས་ནི་སློབ་མ་ཕན་ཚུན་བར་དུ་ཕྱོགས་གཅིག་གིས་བསམ་གཟས་ནས་སམ་བསམ་ངན་གྱིས་ཡན་ལག་དང་སྐད་ཆ། ཡང་ན་དྲ་རྒྱ་ལ་བརྟེན་ནས་ཕ་རོལ་པོར་གཉའ་གནོན་དང་འཕྱ་སྨོད་བྱས་ནས།ཕྱོགས་གཞན་པའི་མི་ལུས་ལ་གནོད་པ་བཏང་བ་དང་། རྒྱུ་ནོར་ལ་གྱོང་གུད་ཐེབས་པ། ཡང་ན་བསམ་བློ་ཉམས་ཆག་ཏུ་བཏང་བ་ལ་ཟེར།
        སློབ་རའི་བརྙས་བཅོས་ལ་ཞུགས་མཁན་ལ་ནང་དོན་བཞི་སྟེ། བརྙས་བཅོས་བྱེད་མཁན་དང་། བརྙས་བཅོས་མྱོང་མཁན། ལྟ་མཁན། བརྙས་བཅོས་བྱེད་མཁན་དང་མྱོང་མཁན། ལྟ་མཁན་གསུམ་གྱི་གནས་འགྱུར་བཅས་སོ། །
        ཀ བརྙས་བཅོས་བྱེད་མཁན་ནི་སློབ་རའི་ཕྱི་ནང་དུ་བརྙས་བཅོས་བྱེད་མཁན་གྱི་ཕྱོགས་ཡིན་ལ། དེ་ལ་བརྙས་བཅོས་བྱེད་མཁན་དང་བརྙས་བཅོས་བྱེད་རོགས་མཁན། རྒྱབ་སྐྱོར་མཁན་བཅས་འདུ་ཞིང་། བརྙས་བཅོས་བྱེད་མཁན་གཙོ་བོ་ནི་བརྙས་བཅོས་དོན་རྐྱེན་ཁྲོད་ཀྱི་ཉེས་ཅན་གཙོ་བོ་ཡིན་ལ།བརྙས་བཅོས་དོན་རྐྱེན་ཁྲོད་དུ་བྱེད་ནུས་གཙོ་བོའམ་རྩ་འཛུགས་དང་མགོ་ཁྲིད་ཀྱི་ནུས་པ་ཐོན་པ་རེད། དེ་ལྟའི་བརྙས་བཅོས་བྱེད་མཁན་གྱི་ཞུགས་ཚད་མི་གསུམ་ཡན་ཡིན་ན་བརྙས་བཅོས་བྱེད་རོགས་དང་རྒྱབ་སྐྱོར་བྱེད་མཁན་ནི་བརྙས་བཅོས་བྱ་སྤྱོད་ཀྱི་འབྱུང་ཡུལ་མིན་ནའང་བརྙས་བཅོས་མགོ་རྩོམ་པའི་རྗེས་སུ་བརྙས་བཅོས་སུ་ཞུགས་མཁན་དང་རྒྱབ་སྐྱོར་བྱེད་མཁན་ཡིན།
        ཁ། བརྙས་བཅོས་མྱོང་མཁན་ནི་སློབ་རའི་བརྙས་བཅོས་དོན་རྐྱེན་ཁྲོད་ཀྱི་གནོད་འཚེ་ཐེབས་མཁན་གཙོ་བོ་ཡིན་ལ། སློབ་རའི་བརྙས་བཅོས་བྱ་སྤྱོད་ཁྲོད་ཀྱི་གཉོམ་ཆུང་གྲོགས་མེད་ཀྱི་ཕྱོགས་དེ་ཡིན།
        ག ལྟ་མཁན། ང་ཚོས་ངེས་པར་དུ་གསལ་རྟོགས་བྱེད་དགོས་པ་ནི་ལྟ་མཁན་རེད། ལྟ་མཁན་ནི་བརྙས་བཅོས་བྱེད་མཁན་མིན་ལ། མྱོང་མཁན་ཡང་མིན་པར་མ་ཟད། སློབ་རའི་བརྙས་བཅོས་དོན་རྐྱེན་ཁྲོད་དུ་ཞུགས་མཁན་ཡང་མིན། ཡིན་ནའང་སློབ་རའི་བརྙས་བཅོས་དོན་རྐྱེན་བྱུང་བ་ལ་མིག་གིས་ལྟ་མཁན་དང་རྣ་བས་ཉན་མཁན་ཡིན་པས་སློབ་རའི་བརྙས་བཅོས་བྱ་སྤྱོད་ཁྲོད་ཀྱི་ལྟ་མཁན་གྱི་བབས་སུ་གནས་པ་རེད། སློབ་རའི་བརྙས་བཅོས་དོན་རྐྱེན་འབྱུང་བའི་དུས་སུ་ལྟ་མཁན་གྱིས་བྱ་སྤྱོད་གསུམ་སྤེལ་སྲིད་པ་སྟེ། འགོག་པ་དང་མི་འགོག་པ། བརྙས་བཅོས་བྱེད་མཁན་གྱི་བྱ་སྤྱོད་ལ་འུར་སློང་བའོ། འགོག་པ་ནི་དུས་ཐོག་ཏུ་བརྙས་བཅོས་མྱོང་མཁན་ལ་རྒྱབ་སྐྱོར་དང་རོགས་རམ། སྲུང་སྐྱོབ་བྱེད་པ་དེ་ཡིན་ལ། མི་འགོག་པ་ནི་བརྙས་བཅོས་བྱེད་མཁན་ལ་རྒྱབ་སྐྱོར་དང་རོགས་རམ། སྲུང་སྐྱོབ་མི་བྱེད་པ་དེ་ཡིན། བརྙས་བཅོས་བྱེད་མཁན་ལ་འུར་སློང་བ་ནི་ལྟ་མཁན་གྱིས་བརྙས་བཅོས་ཀྱི་བྱ་སྤྱོད་སྤེལ་བ་མངོན་མེད་ནའང་བརྙས་བཅོས་བྱེད་མཁན་གྱི་རྡུང་རྡེག་བྱ་སྤྱོད་ལ་ཤུགས་སྣོན་བྱས་ཡོད།
        ང་། བརྙས་བཅོས་བྱེད་མཁན་དང་མྱོང་མཁན། ལྟ་མཁན་གསུམ་གྱི་གནས་འགྱུར།
        བརྙས་བཅོས་བྱེད་མཁན་དང་མྱོང་མཁན། ལྟ་མཁན་གསུམ་ལ་དུས་ངེས་མེད་དུ་གནས་འགྱུར་འབྱུང་སྲིད་པ་རེད། དོན་རྐྱེན་ཞིག་གི་བརྙས་བཅོས་བྱེད་མཁན་དེ་དོན་རྐྱེན་གཞན་ཞིག་ཏུ་གཉོམ་ཆུང་གི་ཕྱོགས་དེ་ཡིན་པས་བརྙས་བཅོས་ཐེབས་པ་དང་བརྙས་བཅོས་མྱོང་མཁན་དུ་འགྱུར་བ་རེད། བརྙས་བཅོས་མྱོང་མཁན་གྱིས་རང་གིས་མྱངས་པའི་བརྙས་བཅོས་དེ་གཉོམ་ཆུང་གཞན་པའི་སྟེང་དུ་འཕོ་བར་བྱེད་པས་བརྙས་བཅོས་བྱེད་མཁན་དུའང་འགྱུར་བ་རེད།
        ལྟ་མཁན་ལ་བརྙས་བཅོས་བྱ་སྤྱོད་ཀྱི་ཤན་ཞུགས་ཐེབས་ནས་བརྙས་བཅོས་སུ་ཞུགས་སྲིད་ལ། བརྙས་བཅོས་སུ་ཞུགས་ཚེ་ཁོ་ཡང་བརྙས་བཅོས་བྱེད་མཁན་དུ་འགྱུར་བ་དང་། བརྙས་བཅོས་ཀྱི་བྱ་སྤྱོད་དེའང་ཚབས་ཆེན་དུ་འགྲོ་སྲིད། གཞན་དབང་བཙན་ཐབས་ཀྱིས་བརྙས་བཅོས་བྱེད་མཁན་གྱི་གྲས་སུ་ཚུད་པ་ནི་བརྙས་བཅོས་མྱོང་མཁན་དུ་གྱུར་པའང་ཡིན་ནོ། །
        བརྙས་བཅོས་དོན་རྐྱེན་ཞིག་གི་བརྙས་བཅོས་བྱེད་མཁན་དང་བརྙས་བཅོས་མྱོང་མཁན་དེ་བརྙས་བཅོས་དོན་རྐྱེན་གཞན་ཞིག་གི་ཁྲོད་དུ་ལྟ་མཁན་གྱི་གནས་སུ་འགྱུར་བ་ཡོད་ལ། འདི་དག་ནི་བརྙས་བཅོས་བྱེད་མཁན་དང་མྱོང་མཁན། ལྟ་མཁན་གསུམ་གྱི་གནས་འགྱུར་རེད།

གཉིས་པ། སློབ་རའི་བརྙས་བཅོས་ཀྱི་རིགས་དབྱེ།
        སློབ་རའི་བརྙས་བཅོས་ཀྱི་རིགས་ལ་ཐད་ཀར་བརྙས་བཅོས་བྱས་པ་དང་བརྒྱུད་ནས་བརྙས་བཅོས་བྱས་པ་གཉིས་ཡོད།
        ཐད་ཀར་བརྙས་བཅོས་ནི་ཀུན་གྱིས་ཤེས་པ་དང་མངོན་གསལ་གྱིས་གཞན་ལ་བརྙས་བཅོས་བྱས་པ་ལ་གོ་ཞིང་། ཐད་ཀར་བརྙས་བཅོས་ལའང་ཐད་ཀར་ལུས་པོས་བརྙས་བཅོས་དང་ཐད་ཀར་སྐད་ཆས་བརྙས་བཅོས་ལ་སོགས་ཡོད་པ་དང་། ལུས་པོས་ཐད་ཀར་བརྙས་བཅོས་ནི་རྒྱག་པ་དང་། རྡོག་ཐོས་གཞུ་བ། སེན་འབྲད་བྱེད་པ། ཕུད་རྒྱག་བྱེད་པ། མིད་ཐག་ནས་བཙིར་བ། འཕྲོག་བཅོམ་བྱེད་པ་དང་དངོས་པོ་གཅོག་པ་ལ་སོགས་ཀྱི་ལུས་པོའི་བྱ་སྤྱོད་ཡིན་ཞིང་། སྐད་ཆའི་ཐད་ཀར་བརྙས་བཅོས་ནི་སྡིགས་དམོད་བྱེད་པ་དང་། ཟུར་ཟ་བྱེད་པ། འཕྱ་སྨོད་བྱེད་པ། མཚང་འབྱིན་བྱེད་པ། མཚང་མིང་འདོགས་པ་ལ་སོགས་པའི་བྱ་སྤྱོད་འདུ་བ་རེད། བརྒྱུད་ནས་བརྙས་བཅོས་བྱེད་པ་ནི་ལས་སླ་མོར་མངོན་མི་ཐུབ་པའི་བརྙས་བཅོས་བྱེད་སྟངས་དེ་ཡིན་ལ། དེ་ནི་རྒྱུན་པར་ཕྱོགས་གསུམ་པའི་སྟོབས་ཤུགས་ལ་བརྟེན་ནས་བརྙས་བཅོས་བྱེད་པ་དེ་ཡིན། བརྒྱུད་ནས་བརྙས་བཅོས་བྱེད་པ་ལ་འབྲེལ་བའི་བརྙས་བཅོས་དང་དྲ་རྒྱའི་བརྙས་བཅོས་སོགས་ཡོད་པ་དང་། འབྲེལ་བའི་བརྙས་བཅོས་ལའང་ངན་གཏམ་སྒྲོག་པ་དང་ཚོགས་སྤྱི་ལས་ཁེར་ཟུར་དུ་ཕུད་པ་སོགས་ཡོད། དྲ་རྒྱའི་བརྙས་བཅོས་ལའང་མཐོང་ཆུང་རང་བཞིན་གྱི་འཕྲིན་ཐུང་དང་གློག་རྡུལ་ཡི་གེ་སོགས་ཡོད།

གསུམ། སློབ་རའི་བརྙས་བཅོས་ཀྱི་གནས་ཚུལ།
        གོ་ལའི་ཁྱོན་ཡོངས་སུ་སློབ་རའི་བརྙས་བཅོས་ཀྱི་སྣང་ཚུལ་ནི་རྒྱ་ཁྱབ་ཏུ་འབྱུང་བཞིན་ཡོད་ལ། རྒྱབ་ཁབ་དང་ས་ཁུལ་མི་འདྲ་བའི་བར་ཁྱད་པར་ཧ་ཅང་ཆེན་པོ་ཡོད་པ་རེད། མཉམ་འབྲེལ་རྒྱལ་ཚོགས་ཀྱི་སློབ་གསོ་ཚན་རིག་རིག་གནས་རྩ་འཛུགས་ཀྱིས་བརྟག་དཔྱད་གཞི་གྲངས་ལྟར་ན།གོ་ལ་ཧྲིལ་པོའི་སུམ་ཆའི་གཅིག་གི་བྱིས་པ་ལ་བརྙས་བཅོས་ཐེབས་ཀྱིན་ཡོད་པ་དང་། ལྷག་པར་དུ་བྱིས་པ་སྐོར་ཞིག་ལ་བརྙས་བཅོས་ཐེབས་ཚད་མང་།
        གོ་ལ་ཧྲིལ་པོའི་རྒྱལ་ཁབ་དང་ས་ཁུལ་གོ་དྲུག་གི་སློབ་གྲྭའི་སློབ་མའི་བདེ་ཐང་རྟོག་ཞིབ་བྱས་པའི་གཞི་གྲངས་ལྟར་ན། སློབ་མ་ལྔ་ཆའི་གཅིག(19.4%)ཙམ་ལ་ཉིན་གཅིག་ནས་གཉིས་ཀྱི་བར་དུ་སློབ་གྲྭར་བརྙས་བཅོས་ཐེངས་རེ་ཐེབས་ཀྱིན་ཡོད་ལ། སློབ་མ་ཉི་ཤུ་ཆའི་གཅིག(5.6%)ཙམ་ལ་ཉིན་གསུམ་ནས་ལྔའི་བར་དུ་བརྙས་བཅོས་ཐེངས་རེ་ཐེབས་ཀྱིན་ཡོད།
        འཛམ་གླིང་གི་ཁྱབ་ཁོངས་སུ་ས་ཁུལ་མི་འདྲ་བའི་བར་དུ་བརྙས་བཅོས་ཐེབས་ཚད་ལ་མངོན་སུམ་གྱིས་ཁྱད་པར་ཡོད་པ་རེད། ལྷོ་ཨ་ཧྥེ་རི་ཀ་ལ48.2% བྱང་ཨ་ཧྥེ་རི་ཀ་ལ42.7% ཡ་གླིང་དབུས་ཤར་ལ41.1%ཡོད་པས། ས་ཁུལ་དེ་དག་གི་བརྙས་བཅོས་ཐེབས་ཚད་ཅུང་མཐོ་བར་བཤད། ཡོ་རོབ་ལ25%དང་། ཅཱ་ལི་པིས་ལ25%དང་། མེ་གླིང་དབུས་མ་ལ22.8%བཅས་ཡིན་པས་ས་ཁུལ་འདི་དག་གི་བརྙས་བཅོས་ཐེབས་ཚད་ཅུང་མང་བ་རེད།
        དྲ་ལམ་དུ་བསྒྲགས་པའི་གནས་ཚུལ་ལྟར་ན། རང་རྒྱལ་གྱི་སློབ་རའི་བརྙས་བཅོས་ཀྱི་གནད་དོན་ཧ་ཅང་ཚབས་ཆེན་ཡིན་པ་དང་། དེའི་ཁྲོད་སྐད་ཆས་བརྙས་བཅོས་དང་ལུས་པོས་བརྙས་བཅོས་ཀྱི་བྱུང་ཚད་གཞན་ལས་མང་།རང་རྒྱལ་དབུས་ཁུལ་དུ་སློབ་རའི་བརྙས་བཅོས་བྱུང་ཚད་མཐོ་བར་བཤད་ལ། སློབ་རའི་དྲག་སྤྱོད་བྱུང་ཚད་ནི་སློབ་ཆུང་དུས་སྐབས་སུ་མཐོ་བར་བཤད། 

        ཀྲུང་གོའི་མྱུར་སྐྱོབ་དོ་དམ་སློབ་ཚོགས་ཀྱིས2017ལོར་ཞིབ་འཇུག་བྱས་པ་ལས་མངོན་པ་ལྟར་ན། སྐད་ཆའི་བརྙས་བཅོས་ནི་རང་རྒྱལ་གྱི་སློབ་རའི་བརྙས་བཅོས་ཀྱི་རྣམ་པ་གཙོ་བོ་ཡིན་པ་དང་། སློབ་རའི་བརྙས་བཅོས་བྱེད་སྟངས་ལྟར་དུ་རིགས་དགར་ན། སྐད་ཆའི་བརྙས་བཅོས་བྱ་སྤྱོད་བྱུང་ཚད་ནི་འབྲེལ་བ་དང་། ལུས་པོ། དྲ་རྒྱའི་བརྙས་བཅོས་བཅས་ཀྱི་བྱུང་ཚད་ལས་མངོན་གསལ་གྱིས་མཐོ་བ་སྟེ། དེས23.3%ཟིན་པ་རེད། རང་རྒྱལ་དབུས་ཁུལ་གྱི་སློབ་རའི་བརྙས་བཅོས་ཀྱི་ཚད་ཧ་ཅང་མཐོ་བ་སྟེ། སློབ་རའི་བརྙས་བཅོས་བྱ་སྤྱོད་ལ་བརྟག་དཔྱད་བྱས་པའི་དཔེ་གཞིའི་བསྡུར་གྲངས་ལ་བལྟས་ན། དབུས་ཁུལ་གྱི་སློབ་རའི་བརྙས་བཅོས་ཀྱི་བྱུང་ཚད་ཧ་ཅང་མཐོ་བ་སྟེ། 46.23%ཟིན་པ་རེད།

        མཚོ་སྔོན་ས་ཁུལ་ལྟ་བུར་མཚོན་ནའང་སློབ་རའི་བརྙས་བཅོས་ཀྱི་བྱ་སྤྱོད་འབྱུང་བཞིན་ཡོད། དེ་ལས་བོད་འབྲེལ་ས་ཁུལ་དུ་སློབ་རའི་བརྙས་བཅོས་འབྱུང་བཞིན་པའི་སྣང་ཚུལ་ལོ་འདི་འགར་ཇེ་མང་དུ་འགྲོ་བཞིན་ཡོད། བུད་མེད་སློབ་མའི་ཁྲོད་སྔོན་ཆད་སློབ་མ་ཕན་ཚུན་བར་གཅར་རྡུང་དང་མནར་གཅོད་བྱེད་ཚུལ་མེད་པའམ་ཧ་ཅང་ཉུང་ནའང་ད་ལྟ་ཡོད་པ་ཙམ་མ་ཟད། ཐུབ་ཚོད་བརྙས་བཅོས་ཚད་ལས་འདས་པ་གཏོང་བཞིན་པའི་སྣང་ཚུལ་བརྙན་དང་བཅས་འབྱུང་བཞིན་ཡོད་པ་རེད། །

39.7K

ཐག་རག་ཡིག་བསྒྱུར་མ་ལག

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1