༄༅།། རྒྱ་བོད་གཏམ་དཔེའི་ཡིག་སྒྱུར་སྐོར་རགས་ཙམ་གླེང་བ།

ལྷག་ཕན། རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།མཚོ་སྔོན་བོད་ཡིག་གསར་འགྱུར། སྤེལ་དུས། 07-26



ལྷག་ཕན། བོད་རང་སྐྱོང་ལྗོངས་དྲ་འཕྲིན་གཞུང་ལས་ཁང་།

དང་པོ། གཏམ་དཔེའི་གོ་དོན་དང་ནུས་པ།
        གཏམ་དཔེ་ནི་མི་རྣམས་ཀྱིས་ཡུན་རིང་ཐོན་སྐྱེད་འཐབ་རྩོད་དང་འཚོ་བའི་ཉམས་མྱོང་ཁྲོད་གསོག་འཇོག་དང་ཞུན་བརྡར་བྱས་པའི་གཏམ་གྱི་སྙིང་བཅུད་ཡིན་ཞིང་། རྩོམ་ལུས་ཀྱི་རྣམ་པ་གཞན་དང་མི་འདྲ་བར་ཆེས་ཐུང་ཞིང་གཟུགས་བརྙན་གྱི་རང་བཞིན་ལྡན་པ། རྣ་བར་སྙན་ཞིང་ཡིད་ལ་ཟུག་པ། ངག་ལ་རྒྱུག་ཅིང་འཛིན་བདེ་བ། ཡིག་འབྲུ་ཉུང་ངུས་ཟབ་དོན་མངོན་སུམ་དུ་མཚོན་པར་བྱེད་པ། ངག་གི་བརྗོད་པ་མཐའ་དག་གི་དཔེར་འོས་པ་བཅས་མདོར་ན་ངལ་རྩོལ་མི་དམངས་ཀྱི་བློ་གྲོས་ཀྱི་སྙིང་བཅུད་དུ་གྲུབ་ཡོད་པས། གཏམ་དཔེ་སྒྱུར་བ་དང་གསོག་འཇོག་མང་ན་བོད་སྐད་བཤད་པའི་སྐབས་སུ་རང་བཞིན་གྱིས་བོད་སྐད་ཀྱི་ཐུན་མོང་མ་ཡིན་པའི་གསོན་ཉམས་ཐོན་ཐུབ།

གཉིས་པ། རྒྱ་བོད་གཏམ་དཔེ་ཡིག་སྒྱུར་གྱི་དགོས་པ།
        དེ་ཡང་ལྗོངས་ཞིང་ལྔའི་གྲགས་ཆེ་བའི་ལོ་ཙཱ་བ་གཅིག་བསྡུས་བྱས་ནས་ལོ་གསུམ་རིང་བསྒྱུར་བའི《ཆུ་ངོགས་གཏམ་རྒྱུད》ནང་གི་གཏམ་དཔེ་དག་ལ་མི་རིགས་ཀྱི་ཁྱད་ཆོས་ལྡན་ཞིང་། རྒྱའི་གཏམ་དཔེ་དག་བོད་ཀྱི་གཏམ་དཔེར་བསྒྱུར་སྐབས་མ་རྟོགས་དང་ལོག་རྟོག་གི་སྐྱོན་སོགས་བྲལ་ནས་ཀློག་པ་པོར་བརྗོད་དོན་རྟོགས་སླ་ལ་གོ་བདེ་བའི་དགེ་མཚན་དུ་མ་ལྡན་ཡོད་དེ། 《ཆུ་ངོགས་གཏམ་རྒྱུད》ནང་དུ། “花木瓜, 空好看”ལྟ་བུར“རི་མོའི་བ་ལས་འོ་མ་མི་འབབ”ཅེས་དང་། “没巧不成话”ལྟ་བུར“ཆར་སྤྲིན་མ་འཁོར་ན་ཆར་པ་མི་འབབ། ཨ་ལོང་མེད་ན་ལྕགས་ཀྱུ་མི་འཁོན།” “兔死狐悲, 物伤其类”ལྟ་བུར“ཁྭ་ཏ་བསད་ན་ཕོ་རོག་སྐྱོ”ཞེས་བསྒྱུར་ཡོད་པས་ཀློག་པ་པོས་བཀླགས་པ་ཙམ་གྱིས་གོ་བ་ལོན་ཐུབ་པའི་ནུས་པ་གསལ་པོ་ཐོན་ཡོད་ལ། སྒྱུར་པ་པོས་མ་ཡིག་གི་དོན་ཇི་བཞིན་བསྒྱུར་ནས་བརྗོད་པར་འདོད་པའི་དོན་གྱི་སྙིང་པོ་ལམ་སང་རྟོགས་ནས་འགྱུར་ཡིག་གི་ཡིག་ཚོགས་མང་བ་དང་ཚིག་མཁྲེགས་པ་སོགས་ཀྱི་ཉེས་པ་ཡོངས་སུ་སྤངས་ཡོད། གཞན་ཡང་དེང་སྐབས་བློ་མཐུན་ཞི་ཅིན་ཕིང་གི་གསུང་བཤད་རབ་དང་རིམ་པའི་ཁྲོད་ཏང་ནན་གྱིས་སྐྱོང་བ་དང་བཅོས་སྐྱོང་བྱེད་པའི་ཐད་ཆེད་དུ་བཀོད་པའི་དགོངས་དོན་གྱི་ཁ་བྱང་ལ“打铁还需自身硬”ལྟ་བུར“ལྕགས་རྡུང་བར་ཐོ་བ་མཁྲེགས་དགོས”ཞེས་བསྒྱུར་ཡོད་པས་ལས་དོན་གང་ཞིག་བསྒྲུབ་རུང་དང་ཐོག་རང་ཉིད་ལ་ཞིབ་དཔྱད་ནན་པོ་དང་རང་ཉིད་འཐུས་ཚང་ཡོང་བ་བྱེད་རྒྱུ་གསལ་པོ་རྟོགས་ཐུབ་པས་ཁ་བྱང་གཅིག་གིས་བརྗོད་བྱའི་ནང་དོན་ཤེས། དེ་བཞིན་ཞི་ཅིན་ཕིང་གི་རྒྱལ་སྲིད་སྐྱོང་ལུགས་སྐོར་གླེང་བའི་དུས་དེབ་ཐོག་འཁོད་པའི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱེད་པའི་ལག་ལེན་ཁྲོད་ལང་ཚོའི་ཕུགས་འདུན་དོན་གཉེར་བྱེད་དགོས་ཞེས་པའི་གསུང་བཤད་ནང་དུ། “学如弓弩,才如箭镞”ལྟ་བུར“སྦྱངས་པ་གཞུ་མོ་འདྲ་ལ་ཡོན་ཏན་མདའ་མོ་བཞིན”ཞེས་བསྒྱུར་ཡོད་པས་སྦྱངས་པའི་ཤེས་བྱ་ནི་གཞུ་མོ་བཀང་བ་དང་འདྲ་ལ།འབྱོར་བའི་ཡོན་ཏན་ནི་མདའ་མོའི་མདེའུ་དང་འདྲ་བས། ཟབ་ཅིང་ཡངས་པའི་ཤེས་བྱ་ཡོན་ཏན་གྱིས་སྣ་ནས་ཁྲིད་ན་གཞི་ནས་ནུས་པ་ཐོན་ཐུབ་པ་སྟེ་མ་ཡིག་གི་དོན་གཞོན་ནུ་རྣམས་ཀྱིས་སློབ་སྦྱོང་བྱ་རྒྱུ་དེ་ལས་འགན་གཙོ་བོར་འཛིན་དགོས་པ་རྟོགས། ཡང་དཔེར་ན་ང་ཚོའི་འཚོ་བའི་ནང་སྤྱོད་པའི“不见棺材不落泪”ལྟ་བུར“དམྱལ་བ་མ་མཐོང་ན། སངས་རྒྱས་ལ་ཡིད་མི་ཆེས།”དང“不到长城非好汉”ལྟ་བུར“ལྷ་ས་མ་མཇལ་མི་ལུས་ཕྱེད”ཅེས་པར་བསྒྱུར་ཡོད་པས་གཏམ་དཔེ་འདི་གཉིས་ལས་གོང་མར་མཚོན་ན་རྒྱ་མི་རིགས་ཀྱི་དུར་འཇུག་གི་སྲོལ་དང་འབྲེལ་བ་དམ་ཟབ་ཡོད། འོན་ཀྱང་བོད་རིགས་ལ་མཚོན་ན་མི་གྲོངས་རྗེས་བྱ་དུར་དང་ཆུ་དུར། ཞུགས་འབུལ་སོགས་དར་ཁྱབ་ཆེ་བ་ལས་སྒམ་ནང་བཅུག་ནས་ས་ལ་སྦས་པའི་དུར་འཇུག་གི་སྲོལ་ཅུང་དར་ཁྱབ་ཆུང་བས་བསྒྱུར་དུས་སུ་བོད་རང་གི་རིག་གནས་དང་བསྟུན་ནས་འདི་ལྟར་བསྒྱུར་བ་དེས་མི་རིགས་དེའི་འཚོ་བ་དང་ཁོར་ཡུག ལྟ་ཚུལ། བསམ་བློའི་འདུ་ཤེས་བཅངས་སྟངས་སོགས་མངོན་ཐུབ་ཡོད།

གསུམ་པ། རྒྱ་བོད་གཏམ་དཔེའི་སྒྱུར་ཐབས།
        དེ་ལའང་ཐད་སྒྱུར་དང་དོན་སྒྱུར། གཡར་སྒྱུར་སོགས་ཡོད་ཅིང་། དེའི་ནང་ནས་ཐད་སྒྱུར་དང་དོན་སྒྱུར་ནི་གནའ་དེང་ལོ་ཙཱའི་ཐབས་ཤེས་ཐོག་ཐོན་མང་ཤོས་ཀྱང་ཡིན། ཐད་སྒྱུར་གྱི་སྒྱུར་ཐབས་ལ་ཆ་མཚོན་ན། མ་ཡིག་གི་ནང་དོན་དང་རྣམ་པ་སྤྱིར་ན་ཇི་མ་ཇི་བཞིན་སྒྱུར་བྱེད་ཡིག་རིགས་ནང་ཐོན་ཐུབ་ལ། སྒྱུར་བྱེད་ཡིག་རིགས་ཀྱི་ཀློག་པ་པོས་གོ་བདེ་ཚེགས་མེད་དུ་དང་ལེན་བྱེད་པའི་ཐབས་ཤིག་ཡིན་ཏེ། ཐད་སྒྱུར་ལ་ཡིག་འབྲུ་རེ་རེ་དང་། ཡིག་ཕྲེང་རེ་རེ་བཞིན་ཐོད་གཏུག་ཏུ་བསྒྱུར་བའི་ཁྱད་ཆོས་ལྡན། དཔེར་ན། མ་ཡིག“狗命虽长,不过九年”ལྟ་བུར“ཁྱི་ཚེ་རིང་ཡང་ལོ་དགུ”དང“人要有智, 猪要有鼻”ལྟ་བུར“མི་ལ་བློ་དགོས། ཕག་ལ་སྣ་དགོས”ཞེས་པར་མཚོན་ན་བརྗོད་པར་འདོད་པའི་དོན་དང་རྣམ་པ་གང་ཅིའི་ཐད་ཡོངས་སུ་མཚུངས་པའམ་ཡང་ན་ཕལ་ཆེར་མཚུངས་པའི་གཏམ་དཔེ་དེ་རིགས་མ་ཡིག་གི་གོ་རིམ་མ་བརྗེས་པར་ཇི་ལྟ་བ་བཞིན་དུ་ཐད་ཀར་བསྒྱུར་བས་མ་ཡིག་གི་དོན་མ་འཁྲུགས་པར་བརྡ་སྤྲོད་པའི་ནུས་པ་ཐོན་ཐུབ་ལ། ལོ་ཙཱ་བས་ཐད་སྒྱུར་གྱི་ཐབས་ལམ་སྤྱོད་མཁས་པོ་བྱུང་ཚེ། སྒྱུར་བྱེད་ཡིག་རིགས་ཀྱི་གཏམ་དཔེ་ཕུན་སུམ་ཇེ་ཚོགས་སུ་གཏོང་བར་ཕན་ཡོན་མང་པོ་ལྡན།
        དོན་སྒྱུར་ནི་མ་ཡིག་གི་གོ་རིམ་མ་བརྗེས་པར་ཇི་ལྟ་བ་བཞིན་དུ་ཐད་ཀར་བསྒྱུར་བ་ཞིག་མ་ཡིན་པར། སྒྱུར་ཡིག་དེ་སྒྱུར་བྱེད་སྐད་ཡིག་གི་བརྡ་སྤྲོད་ཀྱི་སྲོལ་དང་མཐུན་དགོས་པ། བརྗོད་པར་འདོད་པའི་མ་ཡིག་གི་བསྟན་དོན་དང་མི་འགལ་བ། བརྗོད་བྱའི་དོན་ཇི་མ་ཇི་བཞིན་དུ་སྟོན་ཐུབ་པ། རྗོད་བྱེད་ཀྱི་ཚིག་གསལ་ཞིང་གོ་བདེ་བ་ཞིག་བྱེད་པའི་སྒྱུར་ཐབས་ཤིག་ཡིན་ཏེ། དོན་སྒྱུར་གྱི་ཐབས་ལ་བརྟེན་ནས་བསྒྱུར་པའི་གཏམ་དཔེ་ནི་བུ་ཡིག་གི་ཚིག་དོན་གསལ་ཞིང་གོ་བདེ་ལ། རྗོད་བྱེད་ཚིག་ཀྱང་ཤིན་ཏུ་སྙན་ཞིང་གང་ལ་དེ་འཚམ་གྱི་ཐབས་ཤེས་སྤྱད་ནས་བསྒྱུར་ན་འགྱུར་ཡིག་སྤུས་དག་ཅིག་འབྱུང་བའི་ཁྱད་ཆོས་ལྡན། དཔེར་ན། མ་ཡིག“水滴石穿”དང“自作自受”ལྟ་བུར་མཚོན་ན། བོད་ཡིག་ཏུ་ཡིག་སྒྱུར་བྱེད་སྐབས། ཐད་སྒྱུར་གྱི་ཐབས་ལ་བརྟེན་ནས“ཆུ་ཐིགས་ཀྱིས་རྡོ་འབིག”“རང་གིས་རང་ལ་རྙོག་དྲ་བཟོས”ཞེས་སྒྱུར་ཆོག་མོད། འོན་ཀྱང་ཐད་སྒྱུར་འདི་ལྟ་བུ་སྤྱད་ན་གཅིག་ནས་བསྒྱུར་བྱའི་གཏམ་དཔེའི་ནང་དོན་གང་ཡིན་མི་ཤེས་པ་དང་། གཉིས་ནས་མ་ཡིག་གི་གཏམ་དཔེའི་མཚར་ཉམས་རྦད་དེ་ཡལ་འགྲོ་བ། གསུམ་ནས་བསྒྱུར་བའི་གཏམ་དཔེའང་སྙན་ཆ་དོད་པོ་ཞིག་ཡོང་དཀའ་བས་ལོ་ཙཱའི་དགོས་པ་ཡང་ཉམས་པ་ཡིན་པས། དེའི་སྐབས་ང་ཚོས་བསྟན་དོན་འདྲ་མཉམ་ཡིན་པའི་བོད་ཀྱི་གཏམ་དཔེ“བརྩོན་འགྲུས་ཅན་གྱིས་རྡོ་ལ་ཨི་ཁུང་འབིགས”དང་“ར་སྤུའི་འུར་རྡོ་ར་ཡི་མཇིང་པར་འཁོར”ཞེས་པས་ཚབ་བྱས་ཏེ་བསྒྱུར་ན་མ་ཡིག་གི་གཏམ་དཔེའི་ནང་དོན་ལེགས་པར་མཚོན་ཐུབ་པར་མ་ཟད། གོ་བདེ་རྟོགས་སླ་བ་དང་མཚར་ཉམས་ལྡན་པ་ཡོང་ཐུབ་ཅིང་། བུ་ཡིག་གི་གཏམ་དཔེ་རྣམས་མ་ཉམས་རྒྱུན་འཛིན་ཡོང་ཐུབ།
        གཡར་སྒྱུར་ནི་རྒྱ་བོད་གཏམ་དཔེའི་ཁྲོད་གཏམ་དཔེ་ལ་ལ་ཞིག་བསྟན་དོན་འདྲ་ཡང་རྣམ་པ་མི་འདྲ་བའི་ཚེ། སྒྱུར་ཐབས་ལེགས་པོ་ཞིག་མ་རྙེད་ན་ཐད་ཀར་རང་མི་རིགས་ཀྱི་ད་ཡོད་གཏམ་དཔེ་གཡར་ནས་ཚབ་བྱས་ཏེ་བསྒྱུར་ན་འགྲིག་གི་ཡོད་པས་གཏམ་དཔེ་འདྲ་བཤུས་བྱས་པའི་ཁྱད་ཆོས་ལྡན། དཔེར་ན། མ་ཡིག“鸡飞蛋打”ལྟ་བུར་མཚོན་ན། བོད་ཡིག་ཏུ་ཡིག་སྒྱུར་བྱེད་སྐབས“བྱ་འཕུར་སྒོང་རྡུང”ཞེས་ཐད་སྒྱུར་བྱེད་རུང་མོད། ཡིན་ནའང་གཏམ་དཔེ་མང་པོར་མི་རིགས་ཀྱི་ཁྱད་ཆོས་དང་རིག་གནས་ཀྱི་ཁྱད་ཆོས། གཏམ་རྒྱུད་ཀྱི་ཁྱད་ཆོས་བཅས་ལྡན་ཡོད་པས། འདི་དག་ཐད་ཀར་བསྒྱུར་ན་ཀློག་པ་པོས་གོ་དཀའ་ལ། དོན་སྒྱུར་བྱས་ནའང་བསྒྱུར་བྱའི་གཏམ་དཔེ་ཁག་ཅིག་ཡིག་ཚོགས་མང་བའི་སྐྱོན་དུ་འགྲོ་བས། ནང་དོན་ལ་གཞིགས་ནས་བོད་རང་གི་བཤད་སྲོལ་ལྟར“དགོན་པའི་ཇ་མེད་ལ་ཞོལ་གྱི་ཐུག་པ་ཡང་མེད”ཅེས་འགྱུར་མའི་སྐད་ཆའི་གཏམ་དཔེ་གང་དེའི་བསྟན་དོན་དང་ཆ་འདྲ་བའི་གཏམ་དཔེ་གཡར་ནས་བསྒྱུར་ན་དོན་ལེགས་པར་སྟོན་པར་མ་ཟད། གོ་བདེ་ཞིང་ཚིག་ཀྱང་སྙན་ལ། མི་རིགས་དེའི་གཏམ་དཔེ་དག་མི་ཉམས་སོར་འཇོག་ཐུབ་ལ་འགྱུར་མའི་གོ་དོན་ཐད་མ་རྟོགས་ལོག་རྟོག་སོགས་ཀྱི་ཉེས་པ་ཡང་ཡོངས་སུ་སྤངས་ཐུབ། དེ་བཞིན་དུ“空口说白话”ལྟ་བུར“ལྷ་ས་མ་མཇལ་མི་ལུས་ཕྱེད།”“以假乱真”ལྟ་བུར“ར་གན་གསེར་བརྫུས”སོགས་མདོར་ན་ཐད་ཀར་རང་མི་རིགས་ཀྱི་ད་ཡོད་གཏམ་དཔེ་གཡར་ནས་ཚབ་བྱས་ཏེ་བསྒྱུར་ཆོག རྩ་བའི་ཆ་ནས་བཤད་ན་སྒྱུར་ཐབས་དེ་དོན་སྒྱུར་དང་འདྲ་ཞིང་མི་འདྲ་ས་ནི་གཏམ་དཔེ་འདྲ་བཤུས་བྱས་པ་ཞིག་ཡིན།

བཞི་པ། རྒྱ་བོད་གཏམ་དཔེ་སྒྱུར་སྐབས་དོ་སྣང་བྱེད་ཡུལ།
        རྒྱ་བོད་གང་ལ་མཚོན་ནའང་གཏམ་དཔེ་ནི་ཧ་ཅང་གལ་ཆེ་བའི་རྩོམ་རིག་གི་རྣམ་པ་ཞིག་ཡིན་པས་རྒྱ་བོད་ཡིག་སྒྱུར་སྐབས་སུ་དེའི་སྐོར་ལ་དོ་སྣང་ཆེན་པོ་བྱེད་དགོས་ཤིང་། ཡིག་སྒྱུར་བྱ་གཞག་ཁྲོད་གཏམ་དཔེ་ཡིག་སྒྱུར་བྱེད་སྐབས་རིག་གནས་ཀྱི་རྒྱབ་ལྗོངས་ལ་རྒྱུས་མངའ་གཏིང་ཟབ་ལེན་དགོས་པར་མ་ཟད་ཀློག་པ་པོས་བལྟས་པ་ཙམ་གྱིས་ཤེས་པ་བྱ་རྒྱུ་དེ་ཡིན་པ། སྒྱུར་ཡིག་དེ་སྒྱུར་བྱེད་སྐད་ཡིག་གི་བརྡ་སྤྲོད་ཀྱི་སྲོལ་དང་མཐུན་དགོས་པ། དེ་བཞིན་དཔེ་སོགས་སྒྱུར་བྱེད་མི་རིགས་དེའི་གོམས་གཤིས་དང་རིག་གནས། ཡུལ་གྱི་ཐོན་ཁུངས་ལ་བསྟུན་གང་ཐུབ་བྱེད་དགོས་པ། དཔེར་ན“不见棺材不落泪”ལྟ་བུར“དམྱལ་བ་མ་མཐོང་ན། སངས་རྒྱས་ལ་ཡིད་མི་ཆེས”དང“不到长城非好汉”ལྟ་བུར“ལྷ་ས་མ་མཇལ་མི་ལུས་ཕྱེད”ཅེས་པའི་མ་ཡིག་གཉིས་པོ་བོད་ཡིག་ཏུ་སྒྱུར་སྐབས་རིག་གནས་བར་མཐུན་དང་མི་མཐུན་པའི་ཆ་ལ་དོ་སྣང་བྱ་རྒྱུ་ཤིན་ཏུ་གལ་ཆེ་བར་མཐོང་ཞིང་། དེ་བས་གཏམ་དཔེ་སྒྱུར་དུས་མ་ཡིག་གི་འཆིང་རྒྱར་མ་ཚུད་པར་བྱས་ཏེ་གང་ལ་གང་འཚམ་གྱིས་བོད་རང་གི་སྐད་ཡིག་གི་འགྲོས་དང་མཐུན་པ་དང་། ཀློག་བདེ་བ་དང་གོ་སླ་བའི་རྣམ་པ་སྤྱོད་ཅི་ཐུབ་བྱེད་དགོས་པ་ལས་རང་འདོད་ལྟར་སྒྱུར་བའི་སྤྱོད་ཚུལ་ངན་པ་དག་སྤང་དགོས། དཔེར་ན། གངས་མེད་པའི་ས་ཆའི་མི་ལ་གངས་ལྟར་དཀར་བ་ཞེས་བསྒྱུར་ན་མི་འཚམ་པ་ལྟ་བུའོ། །


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1