གཙོ་ངོས།>> རྩོམ་རིག>>བསྒྱུར་རྩོམ།

རིན་ཆེན་རྒྱལ་གྱིས་བསྒྱུར། རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།མཚོ་སྔོན་བོད་ཡིག་གསར་འགྱུར། སྤེལ་དུས། ༢༠༢༡ལོའི་ཟླ་བ་༠༧ཚེས་༢༦ཉིན།

༄༅།། བྲ་ཕྱེའི་ཐུག་པ་དཀར་ཡོལ་གང།


ལི་ལང་ཕིང་གིས་བརྩམས། རིན་ཆེན་རྒྱལ་གྱིས་བསྒྱུར།

        ཐུག་པའི་ཟ་ཁང་ཞིག་ལ་མཚོན་ན་གནམ་གང་ནི་བྲེལ་བ་ཧ་ཅང་ཆེ་བའི་དུས་ཤིག་ཡིན་ཞིང་། པེ་ཧའེ་ཐིང་ལ་མཚོན་ནའང་དེ་ལས་མ་འདས་པར་བྲེལ་ཟིང་གིས་ཡོངས་སུ་ཁེངས་འདུག
        དུས་རྒྱུན་སྲང་ལམ་འདི་ནི་ནམ་གུང་ཆུ་ཚོད་བཅུ་གཉིས་བར་དུ་འདུ་ལོང་གིས་ཁེངས་ཡོད་ནའང་། ལོ་སར་གནམ་གང་གི་དགོང་མོའི་ཆུ་ཚོད་བཅུ་པ་འདས་རྗེས་འཇམ་ཐིང་ངེར་གྱུར་ཡོད། སྐབས་ཐོག་དེར་པེ་ཧའེ་ཐིང་གི་མགྲོན་པོ་རྣམས་ཀྱང་གློ་བུར་གར་སོང་ཆ་མེད་དུ་གྱུར་ཏེ་མི་གཅིག་ཀྱང་མཐོང་རྒྱུ་མི་འདུག ཆེས་མཇུག་མཐའི་མགྲོན་པོ་དེ་ཟ་ཁང་ནས་སྒོར་བུད་ཅིང་། ཟ་ཁང་གི་སྦྱིན་བདག་གིས་ལས་མཚམས་བཞག་ནས་སྒོ་རྒྱག་གྲབས་བྱེད་དུས། བུད་མེད་ཅིག་གིས་བྱིས་པ་ལོ་དྲུག་ཅན་ཞིག་དང་ལོ་བཅུར་སོན་པ་གཉིས་ཁྲིད་ནས་ཟ་ཁང་གི་སྒོ་གླེགས་དལ་མོར་ཕྱེས། བྱིས་པ་དེ་གཉིས་ཀྱིས་ལུས་རྩལ་གྱོན་གོས་གསར་པ་རེ་གྱོན་ཡོད་ལ། བུད་མེད་དེས་དུས་དང་མི་མཐུན་པའི་དྲ་མིག་གསེག་མའི་ལྭ་རིང་ཞིག་གྱོན་འདུག སྦྱིན་བདག་མས་དགའ་བསུ་ཞུ་ཞེས་བཤད་ཞོར་མ་བུ་གསུམ་པོ་ཁྱིམ་དུ་བསུས། དེ་མུར་བུད་མེད་དེས་སྐྲག་པའི་ཉམས་དང་བཅས། “བྲ་ཕྱེའི་ཐུག་པ་དཀར་ཡོལ་གང་སྐོལ་ན་ཨེ་ཆོག”ཅེས་དྲིས། བྱིས་པ་དེ་གཉིས་ཀྱི་གདོང་ལའང་སྐྲག་ཉམས་ཤིག་འཆར་བཞིན་ཨ་མའི་རྒྱབ་ལོགས་སུ་གཞའ་སྟེ་སྦྱིན་བདག་མར་བལྟས་ནས་བསྡད། སྦྱིན་བདག་མས“ལོས་ཆོག ཕེབས་དང་། འདིར་བཞུགས་ལགས། ”ཞེས་བཤད་ཞོར་དུ་མ་བུ་གསུམ་པོ་དྲོད་རླངས་དང་ཐག་ཉེ་བའི་ཅོག་ཙེ་གཉིས་པའི་གམ་དུ་ཁྲིད་ཅིང་། ཚོང་སྒྲོམ་གྱི་ཕྱོགས་སུ“བྲ་ཕྱེའི་ཐུག་པ་དཀར་ཡོལ་གང་སྐོལ་དང”ཞེས་བཤད་པ་ན། སྦྱིན་བདག་གིས་ཀྱང་ཐོས་མ་ཐག་ཏུ་མགོ་བོ་ཡར་དགྱེ་ནས་མ་བུ་གསུམ་པོར་ཟུར་མིག་གིས་ལྟ་ཙམ་བྱས་ཤིང་། “འོ་ཡ། བྲ་ཕྱེའི་ཐུག་པ་དཀར་ཡོལ་གང་།”ཞེས་ཨ་ལན་བྱིན།
        གཙབ་གདན་གྱི་སྟེང་དུ་སྔ་མོ་ནས་ཐུག་པ་སྤུངས་ཡོད་དེ། སྦྱིན་བདག་གིས་དཀར་ཡོལ་གསུམ་གྱི་ཆ་ཙམ་ཡོད་པའི་ཐུག་པ་བླངས་ནས་སླ་ངའི་ནང་དུ་བཞག སྦྱིན་བདག་མས་ལམ་སང་དེ་ནི་ཁྱོ་གའི་མ་བུ་གསུམ་པོར་ཆེད་དུ་ཁ་སྣོན་བྱས་པ་རྟོགས་སོང་། ཞིམ་མངར་ལྡན་པའི་བྲ་ཕྱེའི་ཐུག་པ་ཅོག་ཙེ་སྟེང་དུ་བཞག་མ་ཐག་མ་བུ་གསུམ་པོས་ཐུག་པ་དཀར་ཡོལ་གང་པོ་བསྐོར་ཏེ་མགོ་བོ་ཕན་ཚུན་ལ་གཏུགས་ནས་འཐུང་མགོ་བརྩམས། ཕུ་བོས“ཞིམ་པོ་འདུག”ཅེས་བཤད། ནུ་བོས་ཐུར་མའི་བར་དུ་ཐུག་པ་བཙིར་ཏེ་ཨ་མའི་ཁ་ནང་དུ་འཇོག་ཞོར“ཨ་མས་ཀྱང་ཟོ”ཞེས་བཤད། ཅུང་མ་འགོར་བར་མ་བུ་གསུམ་པོས་ཐུག་པ་འཐུང་ཚར་ཞིང་། སྦྱིན་བདག་མར་འཇར་སྒོར་བརྒྱ་དང་ལྔ་བཅུ་སྤྲད་དེ་མགོ་བོ་བསྒུར་ནས“སྣེ་ལེན་གནང་བར་བཀའ་དྲིན་ཆེ”ཞེས་བཀའ་དྲིན་ཞུས་ཏེ་ཟ་ཁང་ལས་ཕྱིར་བུད། སྦྱིན་བདག་ཁྱོ་ཤུག་གཉིས་ཀྱིས་ཀྱང་ལམ་སང“ཁྱོད་ཚོར་བཀའ་དྲིན་ཆེ། ཁྱོད་ཚོས་ལོ་སར་སྐྱིད་པོ་ཞིག་རོལ་ཐུབ་པའི་སྨོན་འདུན་ཞུ ”ཞེས་མཉམ་དུ་ཁ་གཡང་བོས།
        ལོ་གསར་རྗེས་ཀྱི་པེ་ཧའེ་ཐིང་ནི་ནམ་རྒྱུན་དང་འདྲ་བར་བྲེལ་ཟིང་ཚ་བོ་འདུག ལོ་གཅིག་གི་དུས་ཚོད་ནི་ཅི་ཡིན་འདི་ཡིན་མི་ཤེས་པར་འདས་ཤིང་། མིག་རྡེབ་དབང་ཙམ་གྱིས་ཡང་བསྐྱར་ལོ་གསར་པ་ཞིག་གི་གནམ་གང་གི་དུས་ལ་སླེབས། ད་རེས་ཡང་ལོ་སྔོན་མའི་གནམ་གང་དང་འདྲ་བར་བྲེལ་བ་ཤིན་ཏུ་ཆེ་བའི་ཉིན་གཅིག་མཇུག་བསྒྲིལ་ལ་ཉེ། དགོང་མོའི་ཆུ་ཚོད་བཅུ་པ་འདས་ཏེ་ཟ་ཁང་གི་སྒོ་རྒྱག་གྲབས་བྱེད་པའི་དུས་དེར་བུད་མེད་ཅིག་གིས་བྱིས་པ་གཉིས་ཁྲིད་དེ་སྒོ་ཕྱེས་ནས་ཟ་ཁང་དུ་སླེབས་བྱུང་། སྦྱིན་བདག་མས་བུད་མེད་དེའི་ལུས་ལ་གྱོན་པའི་དུས་དང་མི་མཐུན་པའི་དྲ་མིག་གསེག་མ་ཅན་གྱི་ལྭ་རིང་དེ་མཐོང་མ་ཐག་ན་ནིང་གནམ་གང་གི་དགོང་མོར་ཟ་ཁང་དུ་ཡོང་བའི་ཆེས་མཐའ་མཇུག་གི་མགྲོན་པོ་གསུམ་པོ་ཡིན་པ་ཤེས། བུད་མེད་དེས“བྲ་ཕྱེའི་ཐུག་པ་དཀར་ཡོལ་གང་སྐོལ་ན་ཆོག་གམ”ཞེས་དྲིས་པ་ན། སྦྱིན་བདག་མས“ཕེབས་དང་། འདིར་བཞུགས་དང་།”ཞེས་བཤད་ཞོར་དུ་ལོ་སྔོན་མར་མ་བུ་གསུམ་པོས་བྲ་ཕྱེའི་ཐུག་པ་འཐུང་སའི་ཅོག་ཙེ་གཉིས་པའི་གམ་དུ་ཁྲིད་ཅིང་། ཁྱོ་གའི་ཕྱོགས་སུ“བྲ་ཕྱེའི་ཐུག་པ་དཀར་ཡོལ་གང་སྐོལ་དང”ཞེས་བཤད་པ་ན། ཁྱོ་གས་དེ་མུར“ལགས་སོ།བྲ་ཕྱེའི་ཐུག་པ་དཀར་ཡོལ་གང”ཞེས་ཨ་ལན་འདེབས་ཞོར་ཐབ་མེ་སླར་ཡང་གསོས།
        སྦྱིན་བདག་མས་སྦྱིན་བདག་གི་རྣ་ལམ་དུ་སྐད་དམའ་མོས“འེ། ཁྱོ་ག་ལགས། ཁོ་ཚོར་ཐུག་པ་དཀར་ཡོལ་གསུམ་བསྐོལ་དང”ཞེས་བཤད་པ་ན། སྦྱིན་བདག་གིས་དཀར་ཡོལ་གཅིག་དང་ཕྱེད་ཀའི་ཆ་ཙམ་ཡོད་པའི་ཐུག་པ་ལག་ཏུ་བཟུང་ནས།“མིན། དེ་ལྟར་བྱས་ཚེ་ཁོ་ཚོ་ངོ་གནོང་སྲིད”ཅེས་བཤད་ནས་ཐུག་པ་སླ་ངའི་ནང་བཞག
        ཅོག་ཙེའི་སྟེང་དུ་བྲ་ཕྱེའི་ཐུག་པ་དཀར་ཡོལ་གང་བཞག་ཡོད་ལ། མ་བུ་གསུམ་པོས་ཐུག་པ་འཐུང་ཞོར་དུ་ཕན་ཚུན་ཁ་བརྡ་བྱས། ཁ་བརྡའི་ནང་དོན་དག་ཚོམ་སྒྲོམ་དུ་ཡོད་པའི་སྦྱིན་བདག་ཁྱོ་ཤུག་གིས་གསལ་པོར་གོ་ཐུབ། “ཞིམ་པོ་འདུག ད་ལོ་ཡང་པེ་ཧའེ་ཐིང་གི་བྲ་ཕྱེའི་ཐུག་པ་འཐུང་ཐུབ་སོང་། སང་ལོ་ད་རུང་འཐུང་ཐུབ་ན་ཅི་མ་རུང”ཞེས་ཕན་ཚུན་བར་ལབ་གླེང་བྱས། འཐུང་ཚར་རྗེས་སྔར་བཞིན་འཇར་སྒོར་བརྒྱ་དང་ལྔ་བཅུ་སྤྲད་དེ་བུད་སོང་། སྦྱིན་བདག་མས་ཁོ་ཚོའི་རྒྱབ་གཟུགས་ལ་ལྟ་ཞོར། “བཀའ་དྲིན་ཆེ། ཁྱོད་ཚོས་ལོ་གསར་སྐྱིད་པོ་ཞིག་རོལ་བའི་སྨོན་འདུན་ཞུ”ཞེས་སྐྱེལ་མ་བྱས།
        ཉིན་དེར། སྨོན་འདུན་གྱི་ཚིག་དེ་ངག་ནས་ཡང་ཡང་ཟློ་བཞིན་ཁོ་ཚོར་སྐྱེལ་མ་བྱས།
        ཚོང་ལས་རིམ་གྱིས་འཕེལ་རྒྱས་ཕྱིན་པའི་པེ་ཧའེ་ཐིང་ཐུག་པའི་ཟ་ཁང་གིས་ཡང་བསྐྱར་ལོ་གསར་པ་ཞིག་བསུས། ཆུ་ཚོད་དགུ་དང་ཕྱེད་ཀ་ལོན་རྗེས། སྦྱིན་བདག་ཁྱོ་ཤུག་གཉིས་ལ་ཁ་བརྡ་ཅི་ཡང་མེད་ནའང་བློ་མི་བདེ་བའི་ཉམས་ཤིག་མངོན། ཆུ་ཚོད་བཅུ་པ་འདས་མ་ཐག་ཚོང་གཡོག་རྣམས་ལས་ཐུན་གྲོལ་ནས་རང་རང་སར་ལོག སྦྱིན་བདག་ཁྱོ་ཤུག་གཉིས་ཀྱིས་མྱུར་དུ་གྱང་ངོས་སུ་བཀལ་བའི་ཐུག་པ་སྣ་ཚོགས་ཀྱི་རིན་གོང་བྱང་བུ་རེ་རེ་བཞིན་ཕྱིར་བསྐོར་ཏེ་བྲ་ཕྱེའི་ཐུག་པའི་རིན་གོང་འཇར་སྒོར་བརྒྱ་དང་ལྔ་བཅུ་ཞེས་བྲིས། དོན་དངོས་སུ། ལོ་དེའི་དབྱར་ཁ་ནས་བཟུང་ཟོག་གོང་འཕར་བའི་རྐྱེན་གྱིས་བྲ་ཕྱེ་ཐུག་པའི་རིན་གོང་ཡང་འཇར་སྒོར་ཉིས་བརྒྱ་རུ་འཕར་ཡོད།
        སྐར་མ་སུམ་ཅུའི་སྔོན་དུ་སྦྱིན་བདག་མས་ཅོག་ཙེ་གཉིས་པའི་སྟེང་དུ་ཁ་ཆད་བྱང་བུ་ཞིག་བཞག
        ཆུ་ཚོད་བཅུ་དང་ཕྱེད་ཀར་སླེབས་དུས་ཟ་ཁང་དུ་མགྲོན་པོ་གཅིག་ཀྱང་མེད་ནའང་སྦྱིན་བདག་ཁྱོ་ཤུག་གཉིས་ཀྱིས་ད་དུང་མ་བུ་གསུམ་པོར་བསྒུགས་ནས་བསྡད་ཡོད། ཁོ་ཚོ་སླེབས་བྱུང་། ཕུ་བོས་སློབ་འབྲིང་སློབ་མའི་སློབ་ལྭ་ཞིག་གྱོན་ཡོད་ལ། ནུ་བོས་ན་ནིང་ཕུ་བོས་གོན་པའི་ཅུང་ཆེ་ལ་རྙིང་པའི་ལྭ་དེ་གྱོན་ཡོད། སྤུན་གཉིས་ནར་སོན་ནས་ཆ་མེད་ཅིག་ཏུ་གྱུར་འདུག ཨ་མས་སྔར་བཞིན་སྔོན་ཆད་ཀྱི་དུས་དང་མི་མཐུན་ཞིང་ཚོས་མདོག་ཅུང་ཡལ་བའི་ལྭ་རིང་དེ་གྱོན་ཡོད། སྦྱིན་བདག་མས་འཛུམ་དང་བཅས“ཕེབས་པར་དགའ་བསུ་ཞུ། ”ཞེས་ཁོ་མ་བུ་གསུམ་ཁྱིམ་དུ་བསུས། ཨ་མས་གཉོམ་དུང་དུང་གིས་སྦྱིན་བདག་མར“བྲ་ཕྱེའི་ཐུག་པ་དཀར་ཡོལ་དོ་སྐོལ་ན་ཆོག་གམ།”ཞེས་དྲིས་པ་ན། སྦྱིན་བདག་མས་ལམ་སང“ལོས་ཆོག ཕེབས་དང་། འདིར་བཞུགས་ལགས”ཞེས་ཨ་ལན་ལྡོན་བཞིན་ཅོག་ཙེ་གཉིས་པའི་གམ་དུ་ཁྲིད་ཅིང་། ཞོར་དུ་ཅོག་ཙེ་སྟེང་གི་ཁ་ཆད་བྱང་བུ་སྦས་ཏེ་ཚོང་སྒྲོམ་གྱི་ཕྱོགས་སུ“བྲ་ཕྱེའི་ཐུག་པ་དཀར་ཡོལ་དོ་སྐོལ་དང་།”ཞེས་སྐད་བརྒྱབ་པ་ན། སྦྱིན་བདག་གིས་དེ་མུར“ལགས་སོ། བྲ་ཕྱེའི་ཐུག་པ་དཀར་ཡོལ་དོ། ”ཞེས་ལན་བྱིན་ནས་གྲངས་ཚད་དཀར་ཡོལ་གསུམ་གྱི་ཐུག་པ་བླངས་ཏེ་སླ་ངའི་ནང་དུ་བཞག མ་བུ་གསུམ་གྱིས་བྲ་ཕྱེའི་ཐུག་པ་དཀར་ཡོལ་དོ་འཐུང་བཞིན། བཤད་ཞོར་དང་དགོད་ཞོར་དུ་ཨ་མས“ཏཱ་ཨར། (大儿)ཁྲོན་ཨར། (淳儿)དེ་རིང་ཨ་མས་ཁྱོད་གཉིས་ལ་བཀའ་དྲིན་ཞུ་འདོད”ཅེས་བཤད། བུ་གཉིས་ཀྱིས“ཨ་མ་ལགས། ངེད་གཉིས་ལ་བཀའ་དྲིན་ཞུ་དགོས་དོན་ག་རེ་ཡིན། ” ཞེས་བཤད། ཨ་མས“ཁྱོད་སྤུན་གཉིས་ཀྱིས་ཤེས་གསལ་ལྟར། ཁྱོད་གཉིས་ཀྱི་ཨ་ཕ་ནི་འགྲིམ་འགྲུལ་དོན་རྐྱེན་ཞིག་ཏུ་ཚེ་སྲོག་ཤོར་ཞིང་། གསོན་ཐོག་ན་ཡོད་དུས་མི་བརྒྱད་ཀྱི་ལག་ནས་དངུལ་རྙན་པས། ངས་སེམས་གསོའི་རོགས་དངུལ་ཡོད་ཚད་དོམ་ལ་འཇལ་ཏེ། དོམ་ལྷག་མ་ཟླ་རེར་འཇར་སྒོར་ཁྲི་ལྔ་རེ་དུས་བགོས་བྱས་ནས་འཇལ་སྤྲོད་བྱས་པ་ཡིན།”ཞེས་བཤད། སྤུན་གཉིས་ཀྱིས་ཡང་ཕྱིར་ཨ་མ་ལ“འདི་དག་ཐམས་ཅད་ངེད་སྤུན་གཉིས་ལ་གསལ་ཁ་ཧ་ཅང་ཆེ། ”ཞེས་ལན་བཏབ།
        སྦྱིན་བདག་ཁྱོ་ཤུག་གཉིས་ཀྱིས་ཚོང་སྒྲོམ་གྱི་གམ་ཏུ་ཁ་རོག་གེར་མཉན་ནས་བསྡད་ཡོད།
        ཨ་མས་བཤད་རྒྱུར། “ཁ་ཆད་ལྟར་ན། དོམ་ལྷག་མ་རྣམས་སང་ལོའི་ཟླ་གསུམ་པའི་བར་དུ་འཇལ་ཚར་དགོས་པ་ཡིན་ནའང་། དོན་དངོས་སུ་དེ་རིང་ནས་དོམ་ཡོངས་རྫོགས་འཇལ་ཚར་ནའང་ཆོག”ཅེས་ཟེར།
        བུ་གཉིས་ཀྱིས་འཕྲལ་མར“ཨ་མ་ལགས། དངོས་གནས་དེ་འདྲ་ཡིན་ནམ། ”ཞེས་དྲིས།
        ཨ་མས“དངོས་གནས་དེ་འདྲ་ཡིན་ཏེ། ཁྱོད་སྤུན་གཉིས་ནས་གཅིག་གིས་ཉིན་རེར་ཚགས་པར་བསྐྱལ་ནས་ང་ལ་རྒྱབ་སྐྱོར་བྱས་པ་དང་། གཅིག་གིས་ཟ་མ་གཡོ་བསྐོལ་བྱས་ནས་ང་ལ་རོགས་རམ་བྱས་པས། ངས་ཀྱང་བློ་སེམས་བདེ་མོས་ལས་ཀ་སྒྲུབ་ཐུབ་སོང་ལ། དེ་མིན་ཀུང་སིའི་བྱ་བ་ཧུར་བརྩོན་གྱིས་བསྒྲུབས་པས་ཀུང་སིའི་དམིགས་བསལ་གྱི་ཕོགས་སྣོན་ཐོབ་པ་སོགས་ཀྱི་མཐུན་རྐྱེན་གང་མང་ཞིག་གིས་ད་ལན་དོམ་ཡོངས་རྫོགས་གཙང་འཇལ་བྱས་ཆོག”ཅེས་ཟེར།
        དེ་མུར་བུ་ཆུང་བས“ད་འགྲིག་འདུག ཨ་མ། ཕུ་བོ། ད་ནས་བཟུང་ཟས་གཡོ་སྐོལ་གྱི་ལས་ཀ་ང་ལ་སྤྲད་ཆོག”ཅེས་བཤད་ཅིང་། བུ་ཆེ་བས་ཀྱང“དེས་ན་ངས་མུ་མཐུད་དུ་ཚགས་པར་སྐྱེལ། ནུ་བོ། ང་ཚོས་མཉམ་དུ་འབད་བརྩོན་བྱེད།”ཅེས་བཤད་དེ་མ་བུ་གསུམ་པོར་སེམས་ཤུགས་བསྩལ། ཨ་མས་ཡང་སེམས་འགུལ་དང་བཅས་ཏེ“བཀའ་དྲིན་ཆེ། དངོས་གནས་བཀའ་དྲིན་ཆེ།”ཞེས་བཤད།

        ཕུ་བོས“ངེད་སྤུན་གཉིས་ཀྱིས་ཀྱང་ཨ་མར་དོན་དག་ཅིག་གསང་ཡོད་དེ། ད་ཆར་ཨ་མར་བཤད་ཆོག་འདུག དེ་ནི་ཟླ་བཅུ་གཅིག་པའི་གཟའ་ཉི་མའི་ཉིན་ཞིག་ལ། ང་རང་ནུ་བོའི་སློབ་གྲྭས་བསྡུས་པའི་ཁྱིམ་བདག་ཚོགས་འདུ་ཞིག་ལ་ཞུགས། སྐབས་དེར་ནུ་བོས་ལག་ཏུ་དགེ་རྒན་གྱིས་ཁོ་ལ་བྱིན་པའི་འཕྲིན་ཡིག་ཅིག་བཟུང་ཡོད།

        གལ་སྲིད་ནུ་བོས་བྲིས་པའི་རྩོམ་ཡིག་དེ་པེ་ཧའེ་ཏའོ་ཡི་ཚབ་མཚོན་རང་བཞིན་གྱི་རྩོམ་ཡིག་ཏུ་བདམས་ཐོན་བྱུང་ཐུབ་ཚེ། རྒྱལ་ཡོངས་ཀྱི་རྩོམ་ཡིག་འགྲན་སྡུར་ལ་ཞུགས་ཐུབ་པས། དགེ་རྒན་གྱིས་ནུ་བོར་ཁྱིམ་བདག་ཚོགས་འདུའི་སྐབས་སུ་རྩོམ་ཡིག་འདི་གྱེར་འདོན་བྱེད་དགོས་པའི་རེ་བ་བཏོན་པ་དང་། དགེ་རྒན་གྱིས་བྲིས་པའི་འཕྲིན་ཡིག་དེ་གལ་སྲིད་ཨ་མས་ཀྱང་བལྟས་ཡོད་ཚེ། ཨ་མས་ཀུང་སིར་གནང་བ་ཞུས་ཏེ་ནུ་བོས་རྩོམ་ཡིག་གྱེར་འདོན་བྱེད་པར་ཉན་དུ་ཡོང་ངེས་ཡིན། དེའི་རྐྱེན་གྱིས་ནུ་བོའི་འཕྲིན་ཡིག་དེ་ཨ་མའི་ལག་ཏུ་མ་བཞག་པ་ཡིན། ངས་ཀྱང་དོན་དག་འདི་ནུ་བོའི་གྲོགས་པོའི་ཁ་ནས་གོ་བ་ཡིན་པས། ཁྱིམ་བདག་ཚོགས་འདུའི་ཉིན་དེར་ཨ་མའི་ཚབ་ཏུ་ཚོགས་འདུར་ཞུགས་པ་ཡིན། ”ཞེས་བཤད། དེ་རྗེས་ཨ་མས“མ་གཞི་དེ་འདྲ་ཞིག་ཡིན་འདུག འོ་ན་དེའི་རྗེས་སུ་ག་འདྲ་བྱས་སོང་།”ཞེས་ཉན་སྤྲོ་བའི་ཚུལ་གྱིས་དྲིས། ཕུ་བོས་ཀྱང་གཅིག་རྗེས་གཉིས་མཐུད་ཀྱིས“དགེ་རྒན་གྱིས་རྩོམ་ཡིག་གི་ཁ་བྱང་ལ་ཁྱོད་རང་མ་འོངས་པར་མི་ག་འདྲ་ཞིག་བྱེད་འདོད་ཅེས་པ་བཀོད་སྒྲིག་བྱས་ཡོད་ཅིང་། སློབ་མ་ཀུན་གྱིས་ཁ་བྱང་དེ་གནད་དུ་བཟུང་ནས་བྲིས་པ་རེད། འོན་ཀྱང་ནུ་བོས་བྲ་ཕྱེའི་ཐུག་པ་དཀར་ཡོལ་གང་ཞེས་པའི་རྩོམ་ཡིག་ཅིག་བྲིས་འདུག ངས་རྩོམ་ཡིག་དེའི་ཁ་བྱང་མཐོང་མ་ཐག་ཏུ་པེ་ཧའེ་ཐིང་ཟ་ཁང་གི་དོན་དག་བྲིས་ཡོད་པ་ཤེས་སོང་། དེ་དུས་ངས་སེམས་ལ་ལྟས་ངན་འདིས་དོན་དག་འདི་དག་བྲིས་པའི་རྒྱུ་མཚན་གང་ཞིག་ཡིན་ནམ་བསམས།”

        “རྩོམ་ཡིག་གི་ནང་དོན་ནི་ཨ་ཕ་འགྲིམ་འགྲུལ་དོན་རྐྱེན་ཞིག་ལས་རྐྱེན་ལམ་དུ་ཤོར་ཞིང་། གཞན་ལ་བུ་ལོན་མང་པོ་ཆད་ཡོད་པ་དང་ཨ་མས་ཉིན་མཚན་ཀུན་ཏུ་གང་ནུས་ཅི་ཐུབ་ཀྱིས་ལས་ཀ་ལས་པ། ངས་ཞོགས་པའི་དུས་དང་དགོང་དྲོའི་དུས་སུ་ཚགས་པར་བསྐྱལ་བའི་དོན་དག་ཡོད་ཚད་བྲིས་ཡོད་ཅིང་། དེ་ལས་གཞན་ཟླ་བཅུ་གཉིས་པའི་ཚེས་སོ་གཅིག་གི་དགོང་མོར་མ་བུ་གསུམ་གྱིས་བྲ་ཕྱེའི་ཐུག་པ་འཐུང་བ་དང་། ཟ་ཁང་གི་སྦྱིན་བདག་ཨ་ཁུ་དང་སྦྱིན་བདག་མ་ཨ་ནེས་ཀྱང་སྤྲོ་སེམས་འཁོལ་བའི་ངང་ནས་ང་ཚོར་སྣེ་ལེན་བྱས་ཚུལ། ཕན་ཚུན་ལ་བཀའ་དྲིན་ཞུས་ཚུལ། ད་དུང་ང་ཚོར་ལོ་སར་སྐྱིད་པོ་ཞིག་རོལ་བའི་སྨོན་འདུན་ཞུས་ཚུལ་སོགས་བྲིས་ཡོད། ནུ་བོའི་རྣ་ལམ་དུ། སྨོན་འདུན་གྱི་སྒྲ་དེ་ནི་ནུ་བོ་ལ་སྤོབས་པ་སྩོལ་བ་དང་། ཧུར་ཐག་འབད་འབུངས་ལ་སྐུལ་བའི་ཅོང་བརྡ་ཞིག་གཏོང་བ་དང་ཤིན་ཏུ་འདྲའོ། །

        རྐྱེན་འདི་འདྲ་མང་པོ་ཞིག་གི་དབང་གིས། ནུ་བོས་ཀྱང་ནར་སོན་རྗེས་ཉི་ཧོང་གི་ཐུག་པ་ཟ་ཁང་ཞིག་ཕྱེས་ཏེ། སྐུ་མགྲོན་དག་ལ་སེམས་ཤུགས་དང་སྨོན་འདུན། བདེ་སྐྱིད་ཀྱི་ཁ་གཡང་དང་བཀའ་དྲིན་ཞུ་འདོད་པ་སོགས་བྲིས་ཡོད་ལ། དེ་ལྟར་ནུ་བོས་སློབ་གྲོགས་ཀུན་གྱི་སྙན་ལམ་དུ་སྐད་གསང་མཐོན་པོས་རྩོམ་ཡིག་གྱེར”ཞེས་བཤད།སྐབས་དེར། ཚོང་སྒྲོམ་གྱི་གམ་དུ་རྣ་བ་བླགས་ཏེ་བློ་རྩེ་གཅིག་སྒྲིམ་གྱིས་མ་བུ་གསུམ་པོའི་ཁ་བརྡར་ཉན་བཞིན་པའི་སྦྱིན་བདག་ཁྱོ་ཤུག་གཉིས་གར་སོང་ཆ་མེད་དུ་གྱུར། མ་གཞིར་ཁོ་གཉིས་ཚོང་སྒྲོམ་གྱི་རྒྱབ་ལོགས་སུ་བསྡད་དེ་ལག་ཕྱིས་ཤིག་གི་སྣེ་མོར་འཇུས་ནས་མིག་ཆུ་འབྱིད་བཞིན་བསྡད་འདུག

        རྩོམ་ཡིག་གྱེར་འདོན་བྱས་ཚར་རྗེས། དགེ་རྒན་གྱིས“དེ་རིང་ཁྲིན་ཅུན(淳君)གྱི་ཕུ་བོས་ཁོའི་ཨ་མའི་ཚབ་བྱས་ནས་ཁྱིམ་བདག་ཚོགས་འདུར་ཞུགས་ཡོད་པས། ང་ཚོས་ཁོ་ལ་གཏམ་བཤད་ཅིག་བྱེད་དུ་འཇུག”ཅེས་རེ་འདུན་ཞུས།

        ཨ་མས་འཕྲལ་དུ“དེས་ན་ཕུ་བོས་ཅི་ཞིག་བཤད་བྱུང་།”ཞེས་དྲིས།

        ཕུ་བོས“ གློ་བུར་དུ་བོས་ནས་གཏམ་བཤད་བྱེད་དུ་བཅུག་པས་ངས་ཅི་ཞིག་བཤད་དགོས་པའང་མ་ཤེས། སློབ་གྲོགས་རྣམས་དུས་དང་རྣམ་པ་ཀུན་ཏུ་ངའི་ནུ་བོ་དང་འགྲིག་མཐུན་ཡོད་པས། ངས་འདི་ནས་ཁྱེད་ཅག་ལ་བཀའ་དྲིན་ཆེ་ཞུ་བ་ཡིན། ནུ་བོས་ཉིན་རེ་བཞིན་དགོང་ཚིགས་སྐོལ་དགོས་པས་སྤྲོ་སྣང་ཚན་ཆུང་གི་བྱེད་སྒོར་ཡང་ཞུགས་ཐུབ་ཀྱིན་མེད་ལ། དུས་ཐོག་ཏུ་ཡུལ་ལ་ལོག་དགོས་པ་སོགས་དྲན་ཚེ། ང་རང་ཕུ་བོ་ཞིག་ཡིན་པའི་ཆ་ནས་དངོས་གནས་ཁ་སྐྱེངས་དགོས་པ་ཞིག་འདུག ཡིན་ནའང་། ད་ཆར་ནུ་བོས་སྤོབས་པ་དང་བཅས་ཏེ་སྐད་མཐོན་པོས《བྲ་ཕྱེའི་ཐུག་པ་དཀར་ཡོལ་གང》ཞེས་པའི་རྩོམ་ཡིག་དེ་གྱེར་འདོན་བྱེད་སྐབས། ངའི་སེམས་ནི་དངོས་གནས་ཁུར་དུ་ལྕི་ཞིང་བག་ཚ་བའི་གནས་སུ་ལྷུང་། ནུ་བོའི་སྐད་གསང་མཐོན་པོའི་ཀློག་འདོན་གྱི་ཚུལ་དེ་མཐོང་བ་ན་སེམས་སུ་འཚེར་སྣང་དང་བཅས་ཨ་མའི་བྲ་ཕྱེའི་ཐུག་པ་དཀར་ཡོལ་གང་ཉོས་པའི་སྤོབས་པ་དེ་ནམ་ཡང་བརྗེད་མི་རུང་སྙམ་ཞིང་། ངེད་སྤུན་ཟླ་གཉིས་ཀྱིས་སེམས་ཤུགས་གཅིག་སྒྲིལ་གྱིས་ཨ་མ་སྙོར་སྐྱོང་བྱེད་དགོས་པའི་ཆོད་སེམས་ཤིག་ཀྱང་ངང་གིས་སྐྱེས་འོངས། དེ་མིན་འདིར་བཞུགས་ཀྱི་སློབ་གྲོགས་ཚང་མ་རྗེས་ཕྱོགས་མུ་མཐུད་དུ་ངའི་ནུ་བོ་དང་འདྲིས་ཡག་པའི་གྲོགས་པོ་ཆགས་རྒྱུ་ནི་ངའི་རེ་བ་ཡིན། ད་ལན་ངས་འདི་ཙམ་བཤད་ཅེས་གཏམ་བཤད་ཀྱི་མཇུག་བསྡུས།”

        མ་བུ་གསུམ་པོ་ཕན་ཚུན་གྱི་ལག་པར་འཇུས་ནས་ཡུན་རིང་ཞིག་འགོར་རྗེས་སླར་ཡང་སྤྲོ་སེམས་འཁོལ་བའི་གད་མོ་ཤོར་ཚུལ་ནི་ན་ནིང་དང་བསྡུར་ན་གཞི་ནས་མི་གཞན་ཞིག་ཏུ་གྱུར་འདུག

        དེ་ལྟར་བྲ་ཕྱེའི་ཐུག་པ་འཐུང་ཚར་ཏེ་འཇར་སྒོར་སུམ་བརྒྱ་སྤྲད་རྗེས་སྐེད་པ་སྒུར་སྒུར་གྱིས་སྣེ་ལེན་བྱས་པར་བཀའ་དྲིན་ཆེ་ཞུ་ཞེས་བཤད་ཅིང་། ཟ་ཁང་གི་སྒོར་བུད་མ་ཐག་སྦྱིན་བདག་ཁྱོ་ཤུག་གིས་ཀྱང“བཀའ་དྲིན་ཆེ། ཁྱོད་ཚོས་ལོ་གསར་སྐྱིད་པོ་ཞིག་རོལ་བའི་སྨོན་འདུན་ཞུ”ཞེས་བཤད་དེ་ཁོ་ཚོ་མཐོང་ལམ་ནས་ཡལ་རག་བར་མིག་སྐྱེལ་བྱས།

        སླར་ཡང་ལོ་གསར་པའི་གནམ་གང་གི་དུས་ལ་སླེབས། ཆུ་ཚོད་དགུ་དང་ཕྱེད་ཀ་འདས་མ་ཐག་ཏུ་པེ་ཧའེ་ཐིང་ཟ་ཁང་གི་སྦྱིན་བདག་ཁྱོ་ཤུག་གཉིས་ཀྱིས་ཅོག་ཙེ་གཉིས་པའི་སྟེང་དུ་ཁ་ཆད་བྱང་བུ་བཞག་ནས་མ་བུ་གསུམ་ཕེབས་པར་བསྒུགས་ཡོད་ནའང་མ་བུ་གསུམ་གཏན་ནས་མཐོང་རྒྱུ་མ་བྱུང་།

        དེ་ནས་སླར་ཡང་ལོ་གཅིག་འགོར། སྦྱིན་བདག་ཁྱོ་ཤུག་གཉིས་ཀྱིས་ཅོག་ཙེ་གཉིས་པའི་སྟེང་དུ་སྔར་བཞིན་ཁ་ཆད་བྱང་བུ་བཞག་སྟེ་མ་བུ་གསུམ་པོར་བསྒུགས་ཡོད་ནའང་ཁོ་ཚོའི་གྲིབ་མ་ཙམ་ཡང་མཐོང་རྒྱུ་མ་བྱུང་།

        དེ་ནས་ཡང་ལོ་གཅིག་འགོར། ཅོག་ཙེ་གཉིས་པར་སྔར་བཞིན་བྱང་བུ་བཞག་ནས་མ་བུ་གསུམ་ལ་བསྒུགས་ཡོད་ཀྱང་། མ་བུ་གསུམ་པོ་སྔར་བཞིན་སླེབས་རྒྱུ་མ་བྱུང་། རིམ་བཞིན་པེ་ཧའེ་ཐིང་ཟ་ཁང་གི་ཚོང་ལས་ཤིན་ཏུ་དར་བས་ཟ་ཁང་ནང་བསྐྱར་དུ་མཛེས་བཟོ་བྱས་ཤིང་། ཅོག་ཙེ་དང་རྐུབ་སྟེགས་ཀྱང་གསར་དུ་བརྗེས། ཡིན་ནའང་ཅོག་ཙེ་གཉིས་པ་སྔར་བཞིན་རང་སོར་བཞག་ཡོད། སྦྱིན་བདག་ཁྱོ་ཤུག་གཉིས་ཀྱིས་མ་གྲོས་རང་མཐུན་ངང་ཅོག་ཙེ་གཉིས་པ་དེ་བརྗེ་སྤོར་མ་བྱས་པར་མ་ཟད། ཅོག་ཙེ་དེ་ཟ་ཁང་གི་དཀྱིལ་དུ་བཞག་འདུག མགྲོན་པོ་རེ་གཉིས་ལ་ཅོག་ཙེ་རྙིང་པ་ཞིག་ཁང་དཀྱིལ་དུ་བཞག་ཡོད་པར་ཡ་མཚན་སྐྱེས་པས་སྦྱིན་བདག་ཁྱོ་ཤུག་གིས་ཀྱང་བྲ་ཕྱེའི་ཐུག་པ་དཀར་ཡོལ་གང་གི་གཏམ་རྒྱུད་དེ་ཁོ་ཚོར་བཤད་ཅིང་། ཅོག་ཙེ་དེ་མཐོང་བའི་ཚེ་རང་ཉིད་ལ་སྒུལ་ཤུགས་སློང་ཐུབ་ལ། གལ་ཏེ་མ་བུ་གསུམ་པོ་ཡོང་ཚེ་ཅོག་ཙེ་འདིའི་སྟེང་ནས་ཁོ་ཚོར་སྣེ་ལེན་བྱེད་འདོད་ཚུལ་གྱི་གཏམ་མང་པོ་ཞིག་ལབ། ཅོག་ཙེ་གཉིས་པ་དང་འབྲེལ་བའི་གཏམ་རྒྱུད་དེ་མགྲོན་པོ་ཕན་ཚུན་བར་བསྟོད་པས་ཁྱབ་སྟེ། མིང་ལའང་བདེ་སྐྱིད་ཀྱི་ཅོག་ཙེ་ཞེས་ཀུན་ལ་གྲགས། ཡུལ་གྲུ་གཞན་ནས་ཆེད་དུ་ཡོང་བའི་སློབ་མ་དང་མཛའ་གྲོགས་གང་ཡིན་ཡང་ཅོག་ཙེ་གཉིས་པའི་སྟེང་བསྡད་དེ་བྲ་ཕྱེའི་ཐུག་པ་དཀར་ཡོལ་གང་འཐུང་ངེས་པས། ཅོག་ཙེ་གཉིས་པ་འདིའི་མིང་གྲགས་ས་ཕྱོགས་ཀུན་ཏུ་ཁྱབ།

        དུས་ཀྱི་རེས་མོས་ཆུ་བོའི་རྒྱུན་བཞིན་དུ་བཞུར་ཏེ་ལོ་ནས་ལོ་མཐུད་པའི་དུས་ཚོད་མང་པོ་ཞིག་འདས། ད་ནི་ཡང་བསྐྱར་ལོ་གསར་པ་ཞིག་གི་གནམ་གང་ལ་སླེབས། སྐབས་འདིར། པེ་ཧའེ་ཐིང་ཐུག་པའི་ཟ་ཁང་ནི་སྲང་ལམ་འདིའི་ཚོང་ཚོགས་ཀྱི་ཚོགས་ཁག་གཙོ་བོར་གྱུར་ཡོད། གནམ་གང་གི་དགོང་མོར་ཁྱིམ་མི་ལྟར་བརྩེ་བའི་གྲོགས་པོ་དང་ཁྱིམ་མཚེས། ལས་གྲོགས་སོགས་ཀྱིས་ཉིན་གཅིག་གི་བྱ་བ་མཚམས་བཞག་ནས་པེ་ཧའེ་ཐིང་ལ་ཡོང་སྟེ་ཐུག་པ་འཐུང་རྗེས། ཁྱིམ་མི་དང་གྲོགས་པོ་ལྷན་དུ་འཛོམས་ནས་ཅོང་སྒྲར་ཉན་ཞིང་། ཉེ་འདབས་ཀྱི་ལྷ་ཁང་དུ་སོང་ནས་མཆོད་འབུལ་ལྷ་གསོལ་བྱས་ཏེ་ལོ་གསར་པའི་ནང་ཅི་བསམ་དོན་འགྲུབ་དང་རྐྱེན་ངན་བར་ཆད་སེལ་བའི་སྐྱབས་འཇུག་ཞུ་བ་ཡིན། ལུགས་སྲོལ་འདི་ལ་ལོ་ལྔ་དྲུག་ལྷག་གི་ལོ་རྒྱུས་ཡོད་དེ། ད་ལོ་ཡང་སྔོན་དང་འདྲ་བར་ཆུ་ཚོད་དགུ་དང་ཕྱེད་ཀ་འདས་མ་ཐག་ཉ་འཚོང་བའི་སྦྱིན་བདག་ཁྱོ་ཤུག་གཉིས་ཀྱིས་ཉ་ཤས་བཀང་བའི་གཞོང་བ་ཁྱེར་ཡོང་ནས་ཆོ་གའི་མཚོན་རྟགས་བྱེད་ཅིང་། ནམ་རྒྱུན་ཁྱིམ་མི་ལྟར་བརྩེ་བའི་གྲོགས་པོ་དག་གིས་ཀྱང་ཆང་དང་ཚོད་མ་ཁྱེར་ཡོང་སྟེ། གཅིག་རྗེས་གཉིས་མཐུད་ཀྱིས་པེ་ཧའེ་ཐིང་དུ་འཚོགས་པས་ཟ་ཁང་ནང་དུ་སྐད་ཅིག་ཉིད་ལ་ཡོ་ལང་གི་རྣམ་པ་རབ་ཏུ་རྒྱས།

        ཅོག་ཙེ་གཉིས་པའི་འབྱུང་ཁུངས་ཤེས་པ་དག་གིས་མ་བུ་གསུམ་པོ་ད་ལོར་ཡང་མི་ཡོང་ངམ་ཞེས་ཁ་ནས་མི་སྨྲ་ཡང་སེམས་ནས་དེ་ལྟར་བསམ་བཞིན་ཡོད་དེ། ཁ་ཆད་བྱང་བུ་དེའང་སྔ་མོ་ནས་ཁ་རོག་གེར་ཅོག་ཙེའི་སྟེང་དུ་བཞག་ཡོད། མགྲོན་པོ་ཚོ་གུ་དོག་པའི་བཞུགས་གྲལ་གྱི་བར་དུ་ལྷོད་ཀྱིས་བསྡད་དེ། འགའ་ཞིག་གིས་ད་དུང་སླེབས་མ་ཐག་པའི་གྲོགས་པོ་དག་ལ་སྣེ་ལེན་བྱེད་བཞིན་མཆིས། ལ་ལས་ཐུག་པ་འཐུང་ཞོར་དུ་ཆང་ལ་རོལ་བ་དང་ཕན་ཚུན་བར་ཟ་མ་སྟེར་རེས་བྱེད། ལ་ལས་སྦྱིན་བདག་ལ་རོགས་རམ་བྱེད་བཞིན་ཡོད། དེ་ལྟར་ཀུན་གྱིས་རང་འདོད་ཀྱི་གཏམ་ཚ་མོས་ཕན་ཚུན་བར་ཁ་བརྡ་གློད་བཞིན་སྡོད། ཆུ་ཚོད་བཅུ་དང་ཕྱེད་ཀར་སླེབས་འཕྲལ། ཟ་ཁང་གི་ཡོ་ལང་སྔར་ལས་རབ་ཏུ་རྒྱས། སྐབས་དེར། ཟ་ཁང་གི་སྒོ་དལ་བུར་ཕྱེས་པས་མི་ཚང་མ་འཇམ་ཅག་གེར་གྱུར་ཅིང་། དུས་མཉམ་དུ་སྒོའི་ཕྱོགས་སུ་བལྟས་པ་ན། ནུབ་ལྭ་གྱོན་ཞིང་གྲུ་ཁུག་ཏུ་ལྭ་རིང་འཕངས་པའི་གཞོན་ནུ་གཉིས་སླེབས་པ་མཐོང་། དེ་རྗེས་མི་ཚང་མ་ལྷོད་ལ་བབས་ཤིང་ཤབ་ཤུབ་ཀྱི་སྒྲ་འགའ་རེ་ཐོན་པ་དང་བསྡེབས་ནས་ཡོ་ལང་སྔར་བཞིན་རྒྱས་མགོ་ཚུགས། ད་ནི་སྟབས་ཁ་འགྲིག་པ་ཞིག་མིན་པར་ཟ་ཁང་དུ་འདུག་ས་མི་འདུག་ཅེས་སྦྱིན་བདག་མས་བཟོད་གསོལ་དང་འཛུམ་ཞལ་བསྲེས་མས་བཤད་སྐབས། ཉི་ཧོང་གི་ཆས་གོས་གྱོན་པའི་བུད་མེད་ཅིག་མགོ་བོ་བསྒུར་ནས་ནང་དུ་ཡོང་སྟེ་གཞོན་ནུ་དེ་གཉིས་ཀྱི་དཀྱིལ་དུ་ལངས་ནས་བསྡད་པས། ཟ་ཁང་ནང་གི་མི་རྣམས་ཀྱིས་དེ་མ་ཐག་ཏུ་དབུགས་འབྱིན་རྔུབ་ཡང་མཚམས་བཞག་པ་ལྟར་རྣ་བ་བླགས་ཏེ་ཁོ་ཚོས་ཅི་འཆད་ལ་ཉན།

        བུད་མེད་དེས་ཞི་འཇམ་ངང“འུན། ཐུག་པ་དཀར་ཡོལ་གསུམ་སྐོལ་ན་ཆོག་གམ།”ཞེས་དྲིས་པ་ན། སྦྱིན་བདག་མའི་ངོ་མདོག་དེ་མ་ཐག་ཏུ་འགྱུར་ཞིང་། ལོ་བཅུ་གྲངས་སྔོན་དུ་སྦྱིན་བདག་མའི་དྲན་ཤེས་སུ་བཞག་པའི་བག་ཆགས་དང་མིག་མདུན་དུ་ཡོད་པའི་མི་གསུམ་གྱི་གཟུགས་བརྙན་གཞི་གཅིག་ཏུ་འདྲེས་ཤིང་། སྦྱིན་བདག་མས་མགྲོན་པོ་དེ་གསུམ་ལ་བསྟན་པའི་མིག་མདའ་དང་ཚོང་སྒྲོམ་གྱི་གམ་དུ་ཀེའུ་ཚོད་འཚོལ་བཞིན་པའི་སྦྱིན་བདག་གི་མིག་མདའ་གཉིས་ཀྱང་གཞི་གཅིག་ཏུ་ཁེལ། དེ་མུར་སྦྱིན་བདག་མས་ཅི་ཡིན་ཆ་མི་འཚལ་བའི་རྣམ་འགྱུར་དང་བཅས“འ། འ། ཁྱོ་ག་ལགས།”ཞེས་ཁ་ནས་ཤོར།

         གཞོན་ནུ་གཅིག་གིས་ཅི་བྱ་གཏོལ་བྲལ་དུ་གྱུར་པའི་སྦྱིན་བདག་མར་བལྟས་ནས“ ང་ཚོ་ནི་ལོ་བཅུ་བཞིའི་སྔོན་གྱི་གནམ་གང་གི་དགོང་མོར་བྲ་ཕྱེའི་ཐུག་པ་དཀར་ཡོལ་གང་མཉམ་འཐུང་བྱས་པའི་མ་བུ་གསུམ་པོ་དེ་ཡིན། སྐབས་དེའི་ཐུག་པ་དཀར་ཡོལ་གང་གི་སྐུལ་ལྕག་ལས་ང་ཚོས་སེམས་རྩ་གཅིག་ཏུ་བསྒྲིལ་ཏེ་དཀའ་ཚེགས་ཆེ་བའི་ལོ་ཟླ་དག་ཕར་བསྐྱལ་བ་ཡིན། དེའི་རྗེས་སུ་ང་ཚོ་ཨ་མའི་གཉེན་ཚང་ཡོད་སའི་ཙི་ཧུ་རྫོང་དུ་གནས་སྤར་བ་དང་། ད་ལོར་ངས་སྨན་པ་བསྡུ་བའི་རྒྱལ་ཁབ་ཀྱི་རྒྱུགས་སྤྲད་དེ་ཅིང་ཏུའུ་སློབ་ཆེན་གྱི་སྨན་ཁང་དུ་དངོས་སྦྱོང་སློབ་མ་བྱེད་བཞིན་ཡོད། སང་ལོའི་ཟླ་བཞི་པར་ཀྲ་ཧོང་ཕྱོགས་བསྡུས་སྨན་ཁང་དུ་བྱ་བ་བྱེད་དགོས། ནུ་བོས་ད་དུང་ཟ་ཁང་ཕྱེས་མེད་ལ་ད་ལྟ་ཅིང་ཏུའུ་དངུལ་ཁང་དུ་བྱ་བ་སྒྲུབ་ཀྱིན་ཡོད། ནུ་བོ་དང་ངེད་གཉིས་ཀྱིས་གྲོས་ཁ་བྱས་མཐར། ད་ནི་མི་ཚེའི་ཆེས་དོན་སྙིང་ལྡན་པའི་བྱ་བ་ཐོག་མར་མགོ་བརྩམས་པ་ཡིན། དེ་རིང་ངེད་མ་བུ་གསུམ་པོ་ཆེད་དུ་འདིར་འཚམས་འདྲིར་བཅར་བ་ཡིན་པས། བྲ་ཕྱེའི་ཐུག་པ་དཀར་ཡོལ་གསུམ་སྐོལ་རོགས་ཞུ། ”ཞེས་བཤད།

        ཁོའི་སྐད་ཆར་ཉན་པའི་སྦྱིན་བདག་ཁྱོ་ཤུག་གཉིས་ཀྱིས་མགོ་བོ་ལྕོག་ཞོར་མིག་ཀོང་མཆི་མས་ཡོངས་སུ་བརླན་པར་བྱས། སྒོ་འགྲམ་དུ་སྡོད་པའི་སྔོ་ཚོད་ཚོང་ཁང་གི་སྦྱིན་བདག་གིས་ཀྱང་ཁ་རུ་ཐུག་པ་ཞིག་བལྡད་ཞོར་ཡུད་ཙམ་ལ་མཉན་རྗེས་ད་གཟོད་ཁོག་པར་མིད་ནས་ཡར་ལངས་ཏེ“ཝ་ཡེ། ཝ་ཡེ། སྦྱིན་བདག་མ། ཁྱོད་བླ་གྱར་ནས་ཅི་བྱེད། ཁྱོད་ཀྱིས་ལོ་བཅུ་གྲངས་ལྷག་ལ་ཁོ་ཚོ་ཕེབས་པར་རེ་སྒུག་བྱས་པ་མིན་ནམ། རེམས། ཁོང་ཚོ་སྡོད་དུ་ཆུགས། རེམས་ཡ།”ཞེས་བཤད་དེ་ཕྲག་པས་སྦྱིན་བདག་མར་ལན་ཅིག་བརྡེགས་པས་མོ་རང་ད་གཟོད་ཧང་སངས་ཏེ། “ཕེབས་པར་དགའ་བས་བསུ། བཞུགས་དང་། འདིར་བཞུགས་ལགས།”ཞེས་འཕྲལ་དུ་ཁྱོ་གའི་ཕྱོགས་སུ“ཁྱོ་ག་ལགས། ཅོག་ཙེ་གཉིས་པར་ཐུག་པ་དཀར་ཡོལ་གསུམ་སྐོལ་དང་།”ཞེས་སྐད་བརྒྱབ། སྦྱིན་བདག་གིས་ཀྱང་དེ་མ་ཐག་ཏུ“ལགས་སོ། དཀར་ཡོལ་གསུམ། ”ཞེས་ལན་སྟེར་འདོད་ཀྱང་སྐད་འབྱིན་མ་ཐུབ་པར་ངག་ལྐུགས་པ་ལྟ་བུར་གྱུར།

        གློ་བུར་དུ་ཟ་ཁང་ནང་དུ་དགའ་སྤྲོའི་འབོད་སྒྲ་དང་ཐལ་མོ་རྡེབ་སྒྲས་ཡོངས་སུ་ཁེངས་པར་མ་ཟད།ཟ་ཁང་གི་ཕྱི་རོལ་ཏུ་ལྷབ་ལྷུབ་འབབ་པའི་ཁ་བ་ཡང་གཞི་ནས་འབབ་མཚམས་བཞག་ཅིང་། འདབ་དཀར་ཁ་བའི་མཛེས་སྡུག་གིས་དྭངས་གསལ་གྱི་སྒེའུ་ཁུང་ལ་མཚར་སྡུག་འཕར་མ་ཞིག་བསྐྱེད་པའི་ཁར། པེ་ཧའེ་ཐིང་ཞེས་བྲིས་ཡོད་པའི་རས་ཡོལ་དེའང་ཟླ་དང་པོའི་བསིལ་རླུང་ཁྲོད་དུ་ཡམ་ཡོམ་གཡོ། །



(སྒྱུར་པ་པོ་མཚོ་སྔོན་མི་རིགས་སློབ་ཆེན་གྱི་ཡིན།)

39.7K

ཐག་རག་ཡིག་བསྒྱུར་མ་ལག

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1