སྤྱི་ཁྱབ་ཧྲུའུ་ཅིས་མཉེས་པོ་གནང་བའི་བོད་ཆས།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།བོད་ལྗོངས་ཉིན་རེའི་ཚགས་པར་བོད་ཡིག་སྨྱན་སྦྱོར། སྤེལ་དུས། 07-28



           ཟླ་7ཚེས་22ཉིན། ལོ་ངོ་སྟོང་གི་ལོ་རྒྱུས་ལྡན་པའི་བར་སྐོར་དུ་དམིགས་བསལ་གྱི་སྐུ་མགྲོན་ཞིག་ཕེབས་པ་ནི་ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་ཡིན་ཞིང་། ཁོང་བར་སྐོར་གྱི་བོད་ཆས་ཚོང་ཁང་ཞིག་ཏུ་ཕེབས་ནས་དེའི་སྦྱིན་བདག་དང་བྱམས་བརྩེའི་ངང་སྤེལ་རེས་གནང་བ་རེད།

བར་སྐོར།
          ཚོང་ཁང་དེའི་མིང་ལ“འདོད་འཇོ་ཚང་བོད་ཆས་ཚོང་ཁང”ཟེར་བ་དང་། དེ་བཙུགས་ནས་ད་བར་ལོ་15སོང་ཡོད། སྦྱིན་བདག་གི་བུ་མོ་བསྟན་འཛིན་སྒྲོལ་མས་སྤྱི་ཁྱབ་ཧྲུའུ་ཅི་དང་སྤེལ་རེས་བྱས་པའི་གནས་ཚུལ་ལ་ཕྱིར་དྲན་བྱེད་སྐབས། “སྤྱི་ཁྱབ་ཧྲུའུ་ཅི་ནི་བྱམས་བརྩེ་ལྡན་ལ་ཐུགས་སྣང་གཤིན་པོ་ཞིག་འདུག”ཅེས་དགའ་ཚོར་ཆེན་པོས་བརྗོད།

བསྟན་འཛིན་སྒྲོལ་མས་ཚོང་ཁང་ནང་གི་བོད་ཆས་སྟོན་བཞིན་པ།
          བསྟན་འཛིན་སྒྲོལ་མས“སྤྱི་ཁྱབ་ཧྲུའུ་ཅི་ང་ཚོའི་ཚོང་ཁང་ཆུང་ཆུང་དེར་ཕེབས་རྗེས། ཆེད་མངགས་ལས་དོན་མི་སྣར་ང་ཚོ་དང་དྲན་རྟེན་སྐུ་པར་བསྐྱོན་དུ་བཅུག་སོང་། སྤྱི་ཁྱབ་ཧྲུའུ་ཅི་དང་ལྷན་དུ་དྲན་རྟེན་པར་རྒྱག་རྒྱུ་བྱུང་བ་དེ་ངའི་ངོས་ནས་བརྗོད་ན་དགའ་འོས་པའི་བྱ་བ་ཞིག་རེད”ཅེས་བརྗོད།

སྦྱིན་བདག་སྒྲོལ་མས་བོད་ཆས་གཡོག་བཞིན་པ།
         བསྟན་འཛིན་སྒྲོལ་མས་གསར་འགོད་པར་སྐྱེས་པའི་ཐེར་མ་ཐལ་མདོག་གི་ཕྱུ་པར་སྤྱི་ཁྱབ་ཧྲུའུ་ཅིས་མཉེས་ཤོས་གནང་གི་འདུག “རྒྱུ་ཆ་དང་། བཟོ་ལྟ། གྱོན་སྟངས། དུས་གང་ཞིག་ལ་གྱོན་དགོས་མིན་བཅས་བཀའ་འདྲི་ཞིབ་ཚགས་གནང་བ་དེ་ཐོག་ནས། བོད་རིགས་ཀྱི་གྱོན་གོས་རིག་གནས་ལ་རྒྱུས་མངའ་ཟབ་མོ་ཡོད་པ་མ་ཟད། དེར་མཉེས་པོ་ཡོད་པའང་མཚོན་ཐུབ”ཅེས་བརྗོད།

བསྟན་འཛིན་སྒྲོལ་མས་སྤྱི་ཁྱབ་ཧྲུའུ་ཅིར་ངོ་སྤྲོད་ཞུས་པའི་ཐེར་མའི་ཕྱུ་པ།
          《བོད་ཞི་བས་བཅིངས་འགྲོལ་དང་དར་རྒྱས་གོང་འཕེལ》ཞེས་པའི་རྒྱབ་ཤ་དཀར་པོའི་དེབ་ནང་། རྒྱལ་ཁབ་ཀྱིས་བོད་ཀྱི་མི་རིགས་ཁག་གི་སྲོལ་རྒྱུན་གྱི་ཡུལ་སྲོལ་གོམས་གཤིས་གཞིར་བཟུང་། འཚོ་བ་སྐྱེལ་བ་དང་སྤྱི་ཚོགས་ཀྱི་བྱེད་སྒོ་སྤེལ་བའི་དབང་ཆར་བརྩི་འཇོག་དང་འགན་ལེན་བྱེད་དགོས་ཞེས་འཁོད་ཡོད། མི་རིགས་ཁག་གི་མང་ཚོགས་ཚོས་ཀྱང་གྱོན་ཆས་དང་། བཟའ་བཏུང་། སྡོད་ཁང་སོགས་སྲོལ་རྒྱུན་གྱི་ཉམས་འགྱུར་སྔར་རྒྱུན་བཞིན་རྒྱུན་འཁྱོངས་བྱས་ཡོད་ལ། དེང་དུས་རིག་གནས་ཀྱི་གོམས་སྲོལ་ཡང་བསྡུ་ལེན་བྱས་ཡོད།

ཡུལ་སྐོར་བས་བོད་ཆས་གྱོན་ནས་པར་རྒྱག་བཞིན་པ།
         བསྟན་འཛིན་སྒྲོལ་མས“སྤྱི་ཁྱབ་ཧྲུའུ་ཅིས་ཀྱང་དེའི་ཐད་ཐུགས་སྣང་བྱུང་འདུག ངས་ངོ་སྤྲོད་ཞུ་སྐབས་ཀྱང་སྲོལ་རྒྱུན་གྱི་བོད་ཆས་དང་བཟོ་ལྟ་དཔེ་གསར་གྱི་བོད་ཆས་དབར་གྱི་ཁྱད་པར་ཞུས་པ་ཡིན”ཞེས་བརྗོད་ཅིང་། ཁོ་མོས་སྲོལ་རྒྱུན་གྱི་བོད་ཆས་གྱོན་སྐབས་སྟབས་བདེ་པོ་དེ་ཙམ་མེད། ད་ཆ་བོད་ཆས་མང་པོ་ཞིག་གི་བཟོ་ལྟ་དཔེ་གསར་ཡིན་པས་གྱོན་བདེ་བ་མ་ཟད། མི་མང་པོའི་མཛེས་དཔྱོད་ཀྱི་ལྟ་བ་དང་ཡང་མཐུན་གྱི་ཡོད་ཅེས་བརྗོད་བྱུང་།

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1