གཙོ་ངོས།>> གསར་འགྱུར།>>བོད་འབྲེལ་ས་ཁུལ།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།མི་དམངས་དྲ་བ། སྤེལ་དུས། ༢༠༢༡ལོའི་ཟླ་བ་༠༧ཚེས་༢༩ཉིན།

སྲོལ་རྒྱུན་དང་དེང་རབས་གཅིག་ཏུ་འདྲེས་ནས་སྤྱི་པའི་རིག་གནས་ཞབས་ཞུར་གཞོགས་འདེགས་བྱེད་པ།

     ཀྲུང་གོའི་བོད་ལྗོངས་དྲ་བ་ནས་གློག་འཕྲིན་འབྱོར་གསལ། ཟླ་7ཚེས་25ཉིན་“བོད་ལྗོངས་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་ངོ་70འཁོར་བའི་”སྤྱི་པའི་རིག་གནས་སློབ་གསོའི་བྱེད་སྒོ་རབ་དང་རིམ་པ་དེ་བོད་རང་སྐྱོང་ལྗོངས་ལྷ་ས་གྲོང་ཁྱེར་དུ་སྤེལ་འགོ་ཚུགས་པ་དང་། ཉིན་དེའི་ཕྱི་དྲོ་དང་དགོང་མོ་སོ་སོར་“འཚར་ལོངས་ཡོང་བཞིན་པའི་གནའ་གྲོང—— གནའ་གྲོང་སྲུང་སྐྱོང་དང་རིག་གནས་ཡུལ་སྐོར་གསར་གཏོད་གླེང་སྟེགས་”ཞེས་པ་དང་“བོད་ལྗོངས་ཀྱི་མངོན་མིན་ཤུལ་བཞག་རིག་གནས་རོལ་དབྱངས་ཀྱི་མཚན་མོ་”སྤེལ་བ་རེད། 

     “འཚར་ལོངས་ཡོང་བཞིན་པའི་གནའ་གྲོང་།—— གནའ་གྲོང་སྲུང་སྐྱོང་དང་རིག་གནས་ཡུལ་སྐོར་གསར་གཏོད་གླེང་སྟེགས་”ཐོག་བོད་ལྗོངས་འཛུགས་སྐྲུན་ཇུས་འགོད་ཞིབ་འཇུག་ཁང་གི་སྤྱི་ཁྱབ་འཛུགས་སྐྲུན་མཁན་ཟུར་པ་མི་ཉག་ཆོས་ཀྱི་རྒྱལ་མཚན། ལྷོ་ནུབ་འགྲིམ་འགྲུལ་སློབ་ཆེན་འཛམ་གླིང་ཤུལ་གཞག་རྒྱལ་སྤྱིའི་ཞིབ་འཇུག་ལྟེ་གནས་ཀྱི་ཞིབ་འཇུག་པ་བདེ་ཆེན་ལྷ་མཛེས། འཛུགས་སྐྲུན་མཁན་ཧྲུའེ་ཡན་ཧྥེ་སོགས་ཀྱིས“གནའ་གྲོང་འཛུགས་སྐྲུན་སྲུང་སྐྱོང་དང་གསར་སྐྱེས་”ཐད་ནས་མཉམ་སྤྱོད་དང་གྲོས་བསྡུར་བྱས་པ་རེད། བོད་རང་སྐྱོང་ལྗོངས་མཛེས་རྩལ་མཁས་ཅན་མཐུན་ཚོགས་ཀྱི་ཀྲུའུ་ཞི་ཧན་ཧྲུའུ་ལི་དང་རྒྱལ་ཁབ་ཀྱི་རིམ་པ་དང་པོའི་མཛེས་རྩལ་དགེ་རྒན་བོད་ལྗོངས་མཛེས་རྩལ་མཁས་ཅན་མཐུན་ཚོགས་ཀྱི་བློ་འདྲི་ས་ཡུས་ཡིའུ་ཞིན་དང་བོད་ལྗོངས་སློབ་ཆེན་གྱི་དགེ་རྒན་ཆེན་མོ་བ། འབུམ་རམས་པའི་མཛུབ་སྟོན་དགེ་རྒན་ཚེ་དབང་བཀྲ་ཤིས་སོགས་ཡོད། 


     “གནའ་གྲོང་སྒྱུ་རྩལ་རྒྱུན་འཛིན་དང་དར་སྤེལ་གཏོང་རྒྱུའི་སྐོར”་རྒྱས་བཤད་གནང་བ་རེད། པེ་ཅིང་སློབ་ཆེན་རིག་གནས་ཐོན་ལས་ཞིབ་འཇུག་ཁང་གི་ཡོན་ཀྲང་གཞོན་པ་དང་དགེ་རྒན་ཆེན་མོ་བ་ཞང་ཡུང་གིས་“རིག་གནས་དང་ཡུལ་སྐོར་མཉམ་འདྲེས་དང་གནའ་གྲོང་འཕེལ་རྒྱས་”བརྗོད་གཞིར་བྱས་ནས་མཉམ་སྤྱོད་བྱས་པ་རེད།  

     ཐེངས་འདིའི་བྱེད་སྒོའི་འགན་འཁུར་བས་ངོ་སྤྲོད་བྱས་པར་གཞིགས་ན།“ལྷ་སའི་གནའ་གྲོང་གིས་བོད་ཀྱི་ལོ་རྒྱུས་འགྱུར་བའི་དཔང་པོ་བྱེད་པ་དང་། སྤྱི་ཚོགས་འཕེལ་རྒྱས་འགྲོ་བ་དང་ཆབས་ཅིག་སྲུང་སྐྱོང་ཡག་པོ་བྱུང་བ་མ་ཟད་དུས་རབས་དང་རྒྱུན་ཆད་མེད་པར་མཉམ་འདྲེས་བྱུང་ཡོད། དེར་བརྟེན་ང་ཚོས་ལྷ་སའི་གནའ་གྲོང་ནི་‘འཚར་ལོངས་ཡོང་བཞིན་པའི་གནའ་གྲོང་’ཞིག་རེད་ཅེས་བརྗོད་ཀྱི་ཡོད། ང་ཚོས་བྱེད་ཐབས་དེ་འདྲ་བརྒྱུད་དེ་བས་ལེགས་པའི་སྒོ་ནས་སྲུང་སྐྱོང་དང་གསར་སྤེལ་ཐུབ་པ་བྱས་ཏེ་བོད་ཀྱི་ཡུལ་སྐོར་འཕེལ་རྒྱས་ལ་རོགས་རམ་བྱེད་པ་དང་། མང་ཚོགས་ཚོས་དེའི་ཁྲོད་ནས་བོད་ཀྱི་ལོ་རྒྱུས་དང་དེ་བཞིན་བོད་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་70སོང་ཚུན་གྱི་འགྱུར་ལྡོག་ཤེས་རྟོགས་ཐུབ་པ་བྱ་རྒྱུའི་རེ་བ་ཡོད་”ཅེས་བཤད།


     ཉིན་དེའི་ཆུ་ཚོད་20ཡོལ་ཙམ་ལ། བོད་ཀྱི་མངོན་མིན་རིག་གནས་ཤུལ་བཞག་རོལ་དབྱངས་ཀྱི་མཚན་མོ་དེ་རྗེ་འབུམ་སྒང་ལྷ་ཁང་གི་ནུབ་ངོས་སུ་འཚོགས་པ་རེད། འཁྲབ་སྟོན་འགོ་མ་ཚུགས་གོང་བོད་ལྗོངས་སློབ་ཆེན་སྒྱུ་རྩལ་སློབ་གླིང་གི་ཡོན་ཀྲང་། རོལ་དབྱངས་མཁས་ཅན་ཇོ་དགའ་ཡིས་བོད་ཀྱི་མངོན་མིན་རིག་གནས་ཤུལ་བཞག་རོལ་དབྱངས་ཀྱི་གཞི་རྩའི་གནས་ཚུལ་ངོ་སྤྲོད་གནང་བ་རེད། ཁོང་གིས་“བོད་དུ་ཁྱབ་པའི་རོལ་དབྱངས་ཀྱི་རིགས་ཚང་མར་ཐུན་མོང་མ་ཡིན་པའི་སྒྱུ་རྩལ་གྱི་ཉམས་ལྡན་ཡོད་པ་དེ་ནི་བོད་ཀྱི་རིག་གནས་དང་བོད་ཀྱི་ངལ་རྩོལ་མི་དམངས་ཀྱི་བློ་གྲོས་ཀྱི་ཉིང་བཅུད་ཡིན་པ་དང་། དེ་ལ་སྒྱུ་རྩལ་གྱི་རིན་ཐང་ཆེན་པོ་ལྡན་ཡོད། མིག་སྔའི་བར་རོལ་དབྱངས་ཀྱི་རྣམ་པ་མང་ཆེ་བ་རྒྱུན་འཛིན་ཡག་པོ་ཐུབ་ཡོད་”ཅེས་བཤད།

     དེ་རྗེས་གར་གླུ་དང་། སྟོད་གཞས། ནང་མ་སོགས་བོད་ཀྱི་རོལ་དབྱངས་ཀྱི་འཐུས་ཚབ་དག་གར་སྟེགས་བརྒྱུད་ནས་ཚང་མར་བག་ཕེབས་དང་སྤྲོ་སྣང་ལྡན་པའི་རྣམ་པའི་ཁྲོད་བོད་ཀྱི་མངོན་མིན་རིག་གནས་ཤུལ་བཞག་རོལ་དབྱངས་ཀྱི་ཐུན་མོང་མ་ཡིན་པའི་ཡིད་དབང་འཕྲོག་ཤུགས་ཚོར་ཐུབ་པ་བྱས་པ་རེད། མཇུག་ཏུ་ལོ་ངོ་སྟོང་ཕྲག་རིང་རྒྱུན་འཛིན་དང་མིའི་སེམས་གཏིང་ལ་ཟུག་པའི་རྒྱལ་ཁབ་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་སྟེ་མི་ལ་རས་པའི་མགུར་གླུ་སྙན་མོའི་ཁྲོད་རོལ་དབྱངས་འདུ་ཚོགས་ཧྲིལ་པོ་མཇུག་བསྒྲིལ་པ་རེད།


     བོད་མི་རིགས་ཀྱི་རིག་གནས་ཁྱད་ཆོས་ཀྱིས་ཕྱུག་པའི་གླུ་གཞས་རེ་རེས་ཡུལ་དངོས་ཀྱི་ཉན་མཁན་ཚོའི་སྙན་དབང་གསོས་ཡོད། ཡུལ་སྐོར་བ་སྐུ་ཞབས་ཝང་ལགས་ཀྱིས་“བོད་ཀྱི་སྲོལ་རྒྱུན་རོལ་དབྱངས་ལ་བོད་ཀྱི་ལོ་རྒྱུས་རིག་གནས་ཟབ་མོ་དང་དེ་བཞིན་བོད་མི་རིགས་ལ་དམིགས་བསལ་དུ་ཡོད་པའི་སྤྲོ་སེམས་ཀྱིས་ཁེངས་ཡོད་པས། དེ་ནི་ཀྲུང་ཧྭ་མི་རིགས་ཀྱི་སྲོལ་རྒྱུན་རིག་གནས་ཁྲོད་ཀྱི་ཚོན་མདངས་རྣམ་པར་བཀྲ་བ་ཞིག་ཡིན་པ་ངོ་གནོང་མི་དགོས་པ་ཞིག་རེད། ལྷག་པར་དུ་མཐའ་མཇུག་གི་མི་ལ་རས་པའི་མགུར་གླུ་ཞེས་པའི་སྙན་འཇེབས་ལྡན་པའི་གླུ་སྒྲ་དེས་ང་རང་དེའི་ཁྲོད་དུ་འཐིམས་ནས་ཡུན་རིང་བརྗེད་ཐབས་བྲལ་བའི་ཚོར་བ་བྱུང་”ཞེས་བཤད།

39.7K

ཐག་རག་ཡིག་བསྒྱུར་མ་ལག

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1