མཉམ་དུ་རྩྭ་ཐང་གི་ཚོང་འདུས་གཟབ་རྒྱས་ལ་རོལ་བ།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།མི་དམངས་དྲ་བ། སྤེལ་དུས། 07-29


     ཟླ་7པའི་འབྲི་རུ་ནི་སྤང་ཐང་སྔོ་ལྗང་ལྗང་དང་གསོན་ཉམས་ཀྱིས་ཕྱུག་ཡོད། རྩྭ་ཐང་གི་ཆེས་མཛེས་པའི་དུས་ཚིགས་འདིར་ཟླ་7ཚེས་25ཉིན། བོད་རང་སྐྱོང་ལྗོངས་ནག་ཆུ་གྲོང་ཁྱེར་འབྲི་རུ་རྫོང་སུམ་པ་ནགས་ཤོད་རིག་གནས་ཡུལ་སྐོར་སྒྱུ་རྩལ་དུས་ཆེན་སྐབས་བཅུ་པ་དང་དབྱར་རྩྭ་དགུན་འབུའི་ཚོང་འདུས་དུས་ཆད་ལྟར་སླེབས་བྱུང་། 

     འབྲི་རུ་རྫོང་གི་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཚོ་ཚྭ་ཆུ་ཤང་མར་ཁུག་གྲོང་ཚོའི་མཚོ་མོའི་སྟེང་དུ་མཉམ་འཛོམས་བྱས་ནས་ངོ་མཚར་ཆེ་བའི་རིག་རྩལ་འཁྲབ་སྟོན་གྱིས་འགོ་ཚུགས་མཛད་སྒོ་དེ་གླུ་གར་གྱི་རྒྱ་ཆེན་པོར་གྱུར་ཡོད། ངོ་མཚར་ཆེ་བའི་གླུ་དབྱངས་དང་ཡིད་དབང་འཕྲོག་པའི་ཉམས་འགྱུར་ཐོག་ནས་མི་དམངས་ཀྱིས་རླབས་ཆེན་གྱི་མེས་རྒྱལ་ལ་བཅངས་པའི་དགའ་ཞེན་དང་ཏང་ལ་བཅངས་པའི་དྲིན་ཚོར་གྱི་བརྩེ་སེམས་དང་འབྲི་རུའི་མི་དམངས་ཀྱི་ནང་སེམས་ཀྱི་སྤྲོ་སྣང་དང་བདེ་སྐྱིད་ལྡན་པའི་འཚོ་བར་བསྔགས་བརྗོད་བྱེད་པ་མཚོན་གྱི་ཡོད།  


     ཉེ་བའི་ལོ་ཤས་རིང་། འབྲི་རུ་རྫོང་ལ་གནམ་ས་བླ་འོག་ཏུ་འགྱུར་བ་ལྟ་བུའི་འགྱུར་ལྡོག་བྱུང་ནས་རྣམ་པ་གསར་རྐྱང་དུ་གྱུར་པ་དང“དངུལ་ཁུག”ཉིན་རེ་བཞིན་ཆེ་རུ་འགྲོ་བའི་རྒྱ་ཆེའི་ཞིང་འབྲོག་མང་ཚོགས་ཀྱི་འཚོ་བ་ཇི་ཙམ་སྐྱེལ་བ་དེ་ཙམ་གྱིས་ཇེ་ཕྱུག་ཏུ་འགྲོ་བ་དང་འཚོ་བ་ཇི་ཙམ་སྐྱེལ་བ་དེ་ཙམ་གྱིས་བདེ་སྐྱིད་ལྡན་པ་དང་ངོ་གདོང་ལས་བདེ་སྐྱིད་ཀྱི་འཛུམ་མདངས་འཕྱུར་བཞིན་མཆིས།

   ཤེས་རྟོགས་བྱུང་བར་གཞིགས་ན།“ལོ་ལྔ་ཚན་བཅུ་གསུམ་པའི”མཇུག་དང་“ལོ་ལྔ་ཚན་བཅུ་གཉིས་པའི”དུས་མཇུག་གཉིས་བསྡུར་ན། འབྲི་རུ་རྫོང་གི་ཐོན་སྐྱེད་སྤྱིའི་རིན་ཐང་སྒོར་དུང་ཕྱུར་13.19ལེགས་སྒྲུབ་བྱས་ནས་65.70%འཕར་བ་དང་། སྤྱིར་བཏང་གི་སྤྱི་པའི་སྔོན་རྩིས་ཡོང་འབབ་སྒོར་ཁྲི་8322.3ཟིན་ནས་173.93%འཕར་བ། ཞིང་འབྲོག་པ་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སྒོར་ཁྲི་1.60ཟིན་ནས་53.85%འཕར་བ། སྤྱི་ཚོགས་ཀྱི་འཛད་རྫས་སིལ་ཚོང་བསྡོམས་འབོར་སྒོར་དུང་ཕྱུར་3.12ཟིན་ནས་108%འཕར་བ། འབྲི་རུ་རྫོང་གི་སྤྱིའི་ནོར་ཤུགས་སྒོར་དུང་ཕྱུར་75.66ཟིན་ནས་200.36%འཕར་བ་དང་། གཏན་འཇགས་རྒྱུ་ནོར་ལ་མ་དངུལ་སྒོར་དུང་ཕྱུར་109.1བཏང་བ་དེ“ལོ་ལྔ་ཚན་བཅུ་གཉིས་པའི”དུས་མཚུངས་ལས་133.62%འཕར་ཡོད།


     རྒྱལ་མོ་རྔུལ་ཆུ་རྫོང་དུ་རྒྱུག་པ་དང་། སྣ་མང་ཕུན་སུམ་ཚོགས་པའི་ནགས་ཤོད་རིག་གནས་གཏིང་ཟབ་པ། རི་ཚོགས་འཇིང་ངེར་ལངས་པ་དང་རྩྭ་རྩི་ཤིང་རྣམ་པར་བཀྲ་བ། དབྱར་རྩྭ་དགུན་འབུའི་སྙན་གྲགས་འཛམ་གླིང་དུ་ཁྱབ་པ། རྩྭ་ཐང་གི་ཆེས་མཛེས་ཤོས་ཀྱི་དུས་འདིར་འབྲི་རུའི་མི་དམངས་ཀྱིས་ཕྱོགས་བཞི་མཚམས་བརྒྱད་ནས་ཕེབས་པའི་སྐུ་མགྲོན་དབྱར་རྩྭ་དགུན་འབུའི་ཕ་ཡུལ་དུ་གདན་འདྲེན་ཞུས་ནས་སྲོལ་རྒྱུན་གྱི་མི་རིགས་རིག་གནས་ཀྱི་ཐུན་མོང་མ་ཡིན་པའི་ཡིད་དབང་ལ་མྱོང་ཚོར་བྱས་པ་དང་སྲོལ་རྒྱུན་རིག་གནས་ཀྱི་མཐོང་ཚོར་གྱི་སྟོན་མོ་ལོངས་སྤྱོད་བྱས་པ་རེད།

     ཤེས་རྟོགས་བྱུང་བར་གཞིགས་ན། སྐབས་འདིའི་སུམ་པ་ནགས་ཤོད་རིག་གནས་ཡུལ་སྐོར་སྒྱུ་རྩལ་དུས་ཆེན་དུས་ཡུན་ཉིན་6ཡིན་པ་དང་། དབྱར་རྩྭ་དགུན་འབུའི་ཚོང་འདུས་ཚོགས་འདུ་དང་། མངོན་མིན་རིག་གནས་ཤུལ་བཞག་གི་རྩེར་སོན་ལེ་ཚན་ཆེད་དོན་འཁྲབ་སྟོན།“འབྲོག་པའི་ཉམས་འགྱུར·འབྲི་རུའི་ཟུགས་བརྙན”འདེམས་སྒྲུག་འགྲན་བསྡུར། “དབྱར་རྩྭ་དགུན་འབུའི”དཔྱད་བསྡུར་འགྲན་བསྡུར། རྟ་རྒྱུག་སོགས་སྣ་མང་ཕུན་སུམ་ཚོགས་པའི་བྱེད་སྒོ་སྤེལ་རྒྱུ་ཡིན་པ་རེད།



དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1