སྤྱོད་ལམ་དང་ཁྲིམས་ལུགས།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 07-29


ཁྲིམས་ལུགས་ཀྱིས་མི་སྐྱོང་དགོས་ཤིང་མིས་ཁྲིམས་ལུགས་ལ་བཀུར་དགོས་པའི་འདུ་ཤེས་དེ་ནི། མི་བུ་རེ་རེའི་རང་རྒྱུད་ནས་ནམ་ཡང་འདོར་མི་རུང་བའི་བླ་མེད་ཀྱི་བླང་བྱ་ཞིག་ཡིན།

ང་ཚོས་ལྟོས་བཅས་ཀྱིས་བཤད་ན་ཁྲིམས་ལུགས་དང་སྤྱོད་ལམ་གཉིས་ཀྱི་བར་ལ་འབྲེལ་བ་གཏིང་ཟབ་ཅིག་མངའ་ཞིང་ཁྲིམས་ལུགས་ནི་མི་རང་ཉིད་ཡང་དག་གི་གནས་སུ་ཁྲིད་པའི་དྲང་ཐིག་ལྟ་བུ་ཞིག་ཡིན། ཁྲིམས་ལུགས་ནི་ཐོག་མར་མིའི་སྤུས་ཚད་དང་། བྱ་སྤྱོད། སེམས་ཁམས་བཅས་ཀྱི་སྙོམས་སྒྲིག་གི་བརྒྱུད་རིམ་ལ་བརྟེན་ནས་གཏན་ལ་ཕབ་པའི་ཆབ་སྲིད་ཀྱི་ལག་ཆ་གལ་ཆེན་ཞིག་ཡིན།

མ་གཞིར་ཁྲིམས་ལུགས་ཀྱིས་འགྲོ་བ་མིའི་རིགས་ཀྱི་རྩིས་ཐང་དང་། ཁེ་དབང་། རྒྱུ་འབྲས་སོགས་ལ་དྲང་སྙོམ་སྒོས་སྲུང་ཞིང་སྐྱོང་བཞིན་ཡོད་མོད། ད་ལྟའི་དུས་རབས་འདིར་མི་མང་པོ་ཞིག་གིས་ཁྲིམས་ལུགས་མ་རྟོགས་པའི་རྐྱེན་གྱིས་ཁྲིམས་ལུགས་ཀྱི་ནག་ཉེས་ཕྲག་ཏུ་ཁུར་བ་དང་། རྒྱུན་དུ་ཁྲིམས་ལུགས་ལ་ཉེས་འགལ་སྒྲོ་འདོགས་ཀྱིས་ལེ་བདའ་ཡང་ཡང་བྱེད་བཞིན་ཁྲིམས་ལུགས་ནི་གཉའ་ནོན་བྱེད་སྤྱད་དང་མནར་གཅོད་གཏོང་བྱེད་གདུག་རྩུབ་ཀྱི་ལག་ཆ་ལྟ་བུར་ལྟ་བཞིན་བདོག །མ་གསང་མ་སྦས་པར་བདེན་གཏམ་དྲང་མོ་རེ་བརྗོད་ན་དེ་ནི་ཁྲིམས་ལུགས་ལད་སོང་བ་མ་ཡིན་ཏེ། དེ་ནི་གཙོ་བོར་མིའི་རིགས་ཀྱིས་ཁྲིམས་ལུགས་ཕྱོགས་ཀྱི་ཤེས་བྱ་ལ་མྱོང་རོལ་བྱས་པ་ཉུང་བའམ། ཡང་ན་དེའི་ཕྱོགས་ཀྱི་སློབ་སྦྱོང་གི་ཚད་གཞི་མ་ལོན་པའི་འབྲས་རྟགས་ཤིག་རེད།

ང་ཚོའི་མི་རིགས་འདི་ལ་མཚོན་ནའང་། ཁྲིམས་ལུགས་སྐྱོང་མཁན་དང་ཁྲིམས་འཛིན་པ་ཞིག་ཡིན་ཚེ་མིག་ནང་གི་ཚེར་མ་ལྟ་བུར་གྱུར་ཡོད་དེ། ཛ་དྲག་གི་དུས་ཆེན་རེའམ། ཡང་ན་དེར་མཚུངས་ཀྱི་དུས་ཆེན་དང་བསྡོངས་ཏེ་སྡེ་པ་སོ་སོ་དང་། གྲོང་རྡལ་སོ་སོར་སྐོར་ཞིབ་ཏུ་མངགས་པའི་སྲིད་འཛིན་ཕྱོགས་ཀྱི་མི་སྣ་ཞིག་མཐོང་མ་ཐག །ཀུན་གྱི་སེམས་ནང་ནས་མི་དེ་ལ་མིའི་མཚན་ཉིད་འཐོབ་མེད་པའི་སྣང་བ་འཆར་ཞིང་རྒྱུན་དུ་བདེན་པའི་གནས་ལུགས་དག་ལ་འཁྱོག་བཤད་བྱས་ཏེ། མཁྲེགས་འཛིན་དང་། ཨུ་ཚུགས་ཀྱི་ལྟ་བ་ཕྱིར་མངོན་པ་ནི་སྤྱི་ཚོགས་དང་སྒེར་མིའི་རྒྱུན་ལྡན་གྱི་སྲོལ་ཞིག་ཏུ་གྱུར་ཡོད།

ད་ལྟའི་དུས་འདིར་ཁྲིམས་ལུགས་ཕྱོགས་ཀྱི་ཚགས་པར་དང་དུས་དེབ་རྐྱང་པས་མིའི་བློ་ངོར་ཁྲིམས་ལུགས་ཀྱི་ཤེས་བྱ་བརྒྱུད་སྒྲོག་བྱེད་པ་དེ་ལེགས་པོར་སྣང་མོད། དེ་ལས་ཀྱང་འགངས་ཆེ་བ་ནི་ཡིག་རྨོངས་པ་དག་ལ་ཁ་གཏད་དེ་རླུང་བརྙན་འཕྲིན་གང་རུང་དང་མཉམ་འབྲེལ་སྒོས་ཁྲིམས་ལུགས་ཤེས་བྱ་དྲིལ་བསྒྲགས་ཀྱི་སྟེགས་བུ་ཞིག་ཅིས་ཀྱང་གཟུག་དགོས། ཡུལ་ཅན་མི་དང་བར་ཐག་ཇེ་ཉེར་གཏང་རྒྱུ་ནི་ང་ཚོའི་ཐུན་མོང་གི་རེ་འདུན་ཉག་ཅིག་གོ །བྱ་སྤྱོད་ངན་པས་སྤྱི་ཚོགས་ལ་གཏོར་བརླག་ཐེབས་ཤིང་མི་བུ་རང་ཉིད་ལའང་གྱོང་གུད་ཚབས་ཆེན་ཐེབས་པ་ནང་བཞིན། ཁྲིམས་ལུགས་སློབ་གསོས་བཅོས་སྒྲིག་དང་བསྒྱུར་བཅོས་བྱ་མི་ཐུབ་པ་དག་ལ་བཙན་ཤེད་ཀྱི་ཐབས་སྤྱད་དེ་ལག་ལེན་མཐའ་རུ་འཁྱོལ་དུ་འཇུག་དགོས་ཤིང་། དེ་ནི་འུ་ཐུག་ཐབས་ཟད་དུ་གྱུར་བའི་ལས་ཤིག་ཡིན་པ་སུ་ལ་མི་གསལ། གནའ་དེང་ལ་ཁྱད་པར་མེད་ཅིང་རྒན་གཞོན་ལ་ཆེ་ཆུང་མེད་པའི་དུས་རབས་འདིའི་ནང་། ང་ཚོ་གཞི་ནས་ལས་མཐུན་གྱི་གྲོགས་སུ་གྱུར་ཞིང་སྤྱི་ཚོགས་འདིའི་བདག་པོ་ཁོ་ནར་ཆགས། ང་ཚོས་རེ་སྙེག་པའམ་སྨོན་ལམ་འདེབས་པ་ནི་འཆམ་མཐུན་གྱི་སྤྱི་ཚོགས་ཤིག་དང་ཞི་བདེ་ཡི་འཇིག་རྟེན་ཞིག་གོ །

རྙོག་འཛིང་གི་སྤྱི་ཚོགས་འདིའི་ངོས་གང་རུང་ནས་བལྟས་ནའང་ཡ་ང་བའི་གནས་ཚུལ་མང་པོ་མཐོང་རྒྱུ་ཡོད་དེ། རྐུན་ཇག་ཁྲམ་གསུམ་གྱིས་མིའི་རྒྱུ་ནོར་ལ་གཏོར་བརླག་ཐེབས་སྟངས་དང་། བླ་སྤྲུལ་མང་པོས་དད་ལྡན་མང་ཚོགས་ལ་བསླུ་བྲིད་བཏང་ཚུལ། བུད་མེད་མང་པོས་རང་ཉིད་ཀྱི་སྒེག་ཉམས་ལ་བརྟེན་ནས་སྒོར་མོ་འཚོལ་སྲོལ་སོགས་ནི་སྐྱོན་གྱི་ནང་ནས་སྐྱོན་ཆེ་ཤོས་སུ་བརྩི་ཞིང་། དེ་དག་ནི་དམ་པའི་ལྷ་ཆོས་ལ་རྒྱབ་འགལ་དུ་གྱུར་བ་དང་། འཇིན་རྟེན་མི་ཆོས་ལས་ལོགས་སུ་བཀར་བའི་ཡན་གར་གྱི་བྱ་སྤྱོད་ཅིག་ཡིན་ལ། དེར་མཚུངས་ཀྱི་ཁྲིམས་ལུགས་མ་ཤེས་པའི་ཁྲིམས་ལུགས་ཀྱི་ནག་ཉེས་ཤིག་དང་ཆབ་སྲིད་ཀྱི་ནག་ཐིག་ཅིག་ཀྱང་ཅི་ལ་མིན།

དེ་བས་རྒྱལ་ཁབ་ཅིག་དང་། མི་རིགས་ཤིག །ཡང་ན་མི་བུ་ཞིག་ལ་འཕེལ་རྒྱས་ཀྱི་ལམ་ཁ་ཞིག་ངེས་པར་དུ་ཡོད་དགོས་ཏེ། བརྒྱུད་རིམ་དེའི་ཁྲོད་ཀྱི་ཞི་བདེ་དང་། འཆམ་མཐུན། སྐུལ་འདེད། དྲང་བདེན་དག་ཀྱང་ཡང་དག་པའི་ཁྲིམས་ལུགས་ལ་བརྟེན་དགོས། དེ་ལྟར་བྱས་ཚེ་ད་གཟོད་ང་ཚོར་མདུན་སྐྱོད་ཀྱི་སྒུལ་ཤུགས་ཤིག་ངང་ངམ་ཤུགས་ཀྱིས་ཆགས་སྲིད། ། 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1