ཟས་ལ་རོལ་བའི་གོམས་གཤིས་ཡག་པོ་བཅུ་གཉིས།

ཚུལ་ཁྲིམས་བཟང་པོས་བསྡུ་སྒྲིག་བྱས། རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 07-29


གཅིག །བློ་རྩེ་གཅིག་ཏུ་སྒྲིམ་ནས་ཟ་མ་ཟོ།

ཟ་མ་ཟ་དུས་དཔེ་ཆ་ཀློག་རྒྱུ་དང་བརྙན་འཕྲིན་ལ་མ་ལྟ། ཨ་རི་བ་མང་པོ་ཞིག་བརྙན་འཕྲིན་ལྟ་ཞོར་ཟ་མ་ཟ་བ་དང་། ཡང་ན་རླངས་འཁོར་གཏོང་ཞོར་སྟབས་བདེའི་ཟ་མ་ཟ་བ་དང་། ཁུ་ནག་འཐུང་བ་སོགས་ལ་གོམས་ཡོད། ཞིབ་འཇུག་བྱས་པ་བརྒྱུད། ལས་དོན་དང་འགྲིམ་འགྲུལ། བརྙན་འཕྲིན་སོགས་ཀྱིས་རྐྱེན་ནས་བསམ་བློ་རྒྱ་ཡན་དུ་སོང་སྐབས། ཁྱེད་ཀྱིས་སྣང་མེད་ངང་ཟ་མ་འབོར་ཆེན་ཟ་བཞིན་ཡོད་ལ། གལ་སྲིད་བློ་རྩེ་གཅིག་ཏུ་སྒྲིམ་ནས་ཟ་མ་བཟས་ཚེ། ཕོ་བ་རྒྱགས་པའི་ཚོར་སྣང་ཐོན་མ་ཐག་ཟ་མ་བཟའ་མཚམས་འཇོག་ཆོག་པ་རེད།

གཉིས། ཟ་མ་ཟ་བའི་ཚུལ་ལ་དོ་སྣང་བྱོས།

ཁྱིམ་དུ་ཟ་མ་ཟ་སྐབས། ཉིན་གཅིག་གི་ཟས་ཐུན་གསུམ་ཡིན་ནའང་འདྲ། ཡང་ན་སིལ་ཟས་ཟ་སྐབས་ཡིན་ཀྱང་རུང་། ཟ་མ་ཟ་བ་ནི་དམིགས་བསལ་གྱི་དུས་ཚོད་ཅིག་ལ་བརྩིས་ནས། ཅོག་ཙེའི་ཐོག་ཏུ་རས་ཡག་པོ་འདིང་བ་དང་། བཟའ་འཐུང་ཡོ་བྱད་སྤུན་ཀ་ལྡན་པ་སྒྲིག་དགོས།

གསུམ། མ་བཟས་སྔོན་ལ་ཁུ་བ་འཐུང་།

ཟ་མ་མ་བཟས་གོང་འཚོ་བཅུད་ཕུན་སུམ་ཚོགས་ཤིང་ཚ་ཚད་དམའ་བའི་ཁུ་བ་གར་པོ་ཕོར་གོང་འཐུང་ན། ཟ་མ་ཟ་སྐབས་མང་པོ་བཟའ་ཐུབ་ཀྱི་མེད། ཕྱི་རྒྱལ་གྱི་ཞིབ་འཇུག་ཅིག་ལས་མངོན་གསལ། ཟ་མ་མ་བཟས་གོང་ཀྲོ་མ་ཀྲུའི་ཁུ་བ་ཕོར་གོང་འཐུང་བའི་མི་དེའི་ལུས་སུ་དེ་ལྟར་མ་འཐུང་པའི་མི་ལས་ཁ་ལོ་རི་བསྡུ་ལེན་བྱེད་ཚད་25%ཉུང་ཡོད།

བཞི། ལྟོགས་སྣང་འཆར་དུས་ད་གཟོད་ཟོ།

དེང་རབས་ཀྱི་མི་ལ་ཟ་མ་ཟ་བའི་རྒྱུ་མཚན་རྣམ་པ་སྣ་ཚོགས་ཡོད་དེ། ཁྱད་པར་དུ་སུན་པ་དང་གྲོགས་མེད་ཁེར་རྐྱང་གྱུར་པ། སྐྲག་སྣང་འཆར་བ། གནོན་ཤུགས་ཆེ་བ་སོགས་ཀྱི་སྐབས་སུ་ཟ་བཞིན་ཡོད། གཅིག་བྱས་ན་སྤྱི་ཚོགས་ཀྱི་རིག་གནས་ཁོར་ཡུག་གིས་རྐྱེན་པ་ཡིན་སྲིད། སེམས་སུ་ཟུང་། ཁྱེད་ཀྱིས་བཟའ་བཅའ་ལ་བརྟེན་ནས་ཁྱེད་ཀྱི་འཚོ་བའི་ཁྲོད་ཀྱི་དཀའ་ཁག་དེ་དག་སེལ་ཐུབ་མི་སྲིད། གནོན་ཤུགས་ཇེ་ཆུང་གཏང་འདོད་ཚེ། ལུས་པོ་སྦྱོང་བརྡར་བྱེད་དུ་ཕྱིན་ན་ལེགས། ལྟོགས་སྣང་མིན་པའི་རྒྱུ་རྐྱེན་གཞན་དག་གི་དོན་དུ་ཟ་མ་མ་ཟ།

ལྔ། བཟའ་བཏུང་ཚད་མཐུན་ཞིབ་ཏུ་ལྡོད།

ཐན་ཆུའི་འདྲེས་སྦྱོར་རྫས་འདུས་པའི་སྔོ་ཚལ་དང་འབྲུ་རིགས་མང་ཙམ་བཟའ་དགོས། ལྷད་མ་འདྲེས་པའི་འབྲུ་རིགས་དང་སྔོ་ཚལ། སྲན་མའི་རིགས། ཤིང་ཏོག་སོགས་བཟའ་བཅའ་གཙོ་བོར་བརྩིས་ནས། དེའི་ཐོག་སྲོག་ཆགས་ཀྱི་སྤྲི་དཀར་རྫས་འདུས་པའི་ཟས་རིགས་ཏེ། དཔེར་ན་ཤ་སྣག་དང་བྱ་ཤ། ཉ་ཤ་སོགས་ཉུང་ཙམ་བཟའ་དགོས། ཁྱེད་ཀྱིས་སྐར་མ་20ཡི་གནས་ལུགས་དེ་ཤེས་དགོས་ཏེ། ཧ་ལམ་སྐར་མ་20འགོར་རྗེས་ཀླད་ཆེན་ལ་ད་གཟོད་ཕོ་བ་རྒྱགས་པའི་ཚོར་བ་ཡོད་པས། ཟ་མ་ཟ་བའི་མགྱོགས་ཚད་ཇེ་དལ་གཏོང་ནས་ལུས་པའི་ནང་གི་སྙོམ་སྒྲིག་མ་ལག་གི་རྩོལ་བ་དང་འཚམ་པར་བྱ་དགོས།

དྲུག །ནམ་རྒྱུན་མདུན་དུ་ཟ་མ་མ་འཇོག་ཅིག །

ཟས་ཐུན་གསུམ་གྱི་དུས་ཚོད་གཏན་འཁེལ་བྱས་ནས་ཟ་མ་བཟས་ཟིན་རྗེས། ཅོག་ཙེ་མྱུར་དུ་ཕྱིས་ནས་ཟས་ཁང་དང་ཁ་འབྲལ་དགོས། དེ་ལྟར་བྱས་ན་ཕོ་བ་མི་ལྟོགས་པའི་སྐབས་སུ་དུས་ངེས་མེད་དུ་ཟ་མ་ཟ་བར་འགོག་ཐུབ། རྒྱུ་མཚན་ནི་ཟས་ཀྱི་བསླུ་ཁྲིད་འདི་རིགས་སུས་ཀྱང་འགོག་མི་ཐུབ། བཟའ་བཅའ་ཉོ་སྐབས་ཚད་དང་རན་པ་ཉོ་བ་ལས། ཐེངས་གཅིག་གིས་མང་པོ་ཉོ་མི་རུང་།

བདུན། ཚ་ཚད་མཐོ་བའི་ཟ་རིགས་སྦས་སྐུང་མཛོད།

གལ་སྲིད་ཤ་ཚོན་པོ་དང་འཁྱགས་ཞོ་རྣམས་མིག་ལམ་དུ་མཐོང་རྒྱུ་མེད་ན། དེ་དག་གི་བསླུ་ཁྲིད་ཀྱང་འགོག་མི་དགོས། མངའ་འདུས་ཚད་ཆེ་བའི་བུ་རམ་མི་བཟའ་བར་ཤིང་ཏོག་གིས་མངར་རིགས་ཀྱི་ཚབ་བྱ་དགོས།

བརྒྱད། ཟ་མ་བཀག་ན་ལུས་ལ་ཕན་པ་མེད།

གལ་སྲིད་ཟ་མ་མ་ཟོས་ན་ཁྱེད་ཀྱི་ལུས་ཁམས་ཀྱི་ཚུར་སྣང་གིས་ཁྱེད་རང་ཚིལ་དང་མངར་རིགས་འདུས་པའི་བཟའ་བཅའ་ལ་དེ་བས་རྔམ་བཅུག་ངེས།

དགུ །ཚ་ཚད་འདི་རིགས་བཏུང་བ་ལས་བཟའ་ན་ལེགས།

ཀ་ར་འདུས་པའི་རླངས་ཆུ་དང་ཤིང་ཏོག་ཁུ་བ། དེ་བཞིན་ཆང་བཅུད་འདུས་པའི་བཏུང་བྱའི་རིགས་ཀྱིས་ཕོ་བ་རྒྱགས་པའི་ཚོར་སྣང་མི་སྟེར་བ་མ་ཟད། དེ་ལ་ཚ་ཚད་མི་ཉུང་བ་ལྡན། ཆུ་མང་ཙམ་བཏུང་བ་ལས་ཆུ་མང་ཙམ་བཟའ་ན་ལེགས། འབྲུ་རིགས་སྣ་ཚོགས་བཙོ་བའི་སྐབས་སུ་ཆུ་རྡུལ་གང་མང་བསྡུ་ལེན་བྱེད་བཞིན་ཡོད་པ་མ་ཟད། ད་དུང་རྒྱུས་ཞེས་པའི་རྫས་ཕུན་སུམ་ཚོགས་པ་འདུས་པས། མིའི་ཕོ་བ་རྒྱགས་པའི་ཚོར་སྣང་སྐྱེས་ནས། ཡུན་རིང་འགོར་རྗེས་ད་གཟོད་ལྟོགས་སྣང་འཆར་བ་རེད། ཆུ་མང་པོ་འཐུང་ན་ལུས་ཁམས་བདེ་སྲུང་ལ་ཕན་པ་ཡོད་ཀྱང་། ཤ་ཇེ་ཞན་གཏོང་བ་ལ་མཚོན་ན། ཆུ་མང་པོ་འཐུང་རུང་ཕོ་བ་ལྟོགས་པའི་ཚོར་བ་དེ་མེད་པར་གཏོང་ཐུབ་ཀྱིན་མེད།

བཅུ། བཟའ་སྟངས་འཐུང་སྟངས་ལ་མཐོང་ཆེན་གྱིས།

དང་པོ་ཚ་ཚད་འདུས་ཚད་ཉུང་བའི་ཟས་རིགས་བཟའ་དགོས་ཏེ། དཔེར་ན། ཆུ་ནང་བཙོས་པའི་སྔོ་ཚལ་དང་ཞག་རྩི་ཉུང་བའི་སྔོ་ཚལ་ཁུ་བ་སོགས་ཡོད། ཚ་ཚད་ཉུང་བའི་ཟ་རིགས་འདི་དག་བཟས་རྗེས། ཁྱེད་ཀྱི་ཕོ་བ་རུ་ཚ་ཚད་མཐོ་བའི་བཟའ་བཅའ་འཇོག་སའི་བར་སྟོང་དེ་ཙམ་མེད། འཕྱུར་བ་དང་ཤ་རིགས་རྣམས་བྲོ་བ་ལྟ་བྱེད་ཙམ་དུ་བསྒྱུར་དགོས་ཏེ། ཚིལ་འདུས་ཚད་ཆེ་བ་དང་ཚ་ཚད་མཐོ་བའི་ཟས་རིགས་འདི་དག་ཟས་ཅོག་ཐོག་གི་ཟས་རིགས་གཙོ་བོ་རུ་འགྱུར་བཅུག་མི་རུང་། གཞན་ཡང་། ཁོ་ཧྥེན་བསྡུ་ལེན་བྱེད་ཚད་བཀག་འགོག་བྱ་དགོས།

བཅུ་གཅིག །ཟ་མ་ཟོས་རྗེས་མྱུར་དུ་སོ་འཁྲུད་དགོས།

ཟ་མ་ཟོས་རྗེས་སོ་འཁྲུད་པ་ནི་གོམས་གཤིས་བཟང་པོ་ཞིག་ཡིན་ཏེ། སོ་ལ་སྲུང་སྐྱོབ་བྱེད་ཐུབ་པ་མ་ཟད། ཁ་ནང་དུ་གཙང་མ་ཡིན་པའི་ཚོར་སྣང་འཆར་དུས། ཁྱེད་ཀྱིས་དེ་ལྟར་རྒྱུན་སྐྱོང་བར་འདོད་མོས་ཤིན་ཏུ་ཆེ།

བཅུ་གཉིས། ཟ་མ་ཟོས་རྗེས་གོམ་བརྒྱ་སོང་།

རྐང་ཐང་སོང་ན་ཕོ་བའི་ནང་གི་ཟ་མ་འཇུ་ནས་ཚ་ཚད་དེ་བས་མང་པོ་ཞིག་ཟད་གྲོན་དུ་གཏོང་ཐུབ། དེ་བས། ཉིན་ལྟར་འགྲོས་ཚད་རན་པར་རྐང་ཐང་དུ་སྐར་མ་30~45བར་དང་། སྤྱི་ལེ་3~5ཙམ་འགྲོ་དགོས། མཁས་པ་ཁག་ཅིག་གིས། ཟ་མ་ཟོས་ནས་སྐར་མ་15~20འགོར་རྗེས་རྐང་ཐང་དུ་སོང་ནས་ལུས་སྦྱོང་བྱས་ན་ཕན་ནུས་དེ་བས་ཆེ་ཚུལ་བཏོན་ཡོད། ། 


རྩོམ་ཡིག་རྗེས་མ།

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1