གཞན་ཕན་དོན་གཉེར་གྱི་རིག་གནས་པ།། ལས་ལམ་གསར་གཏོད་ཀྱི་དཔེ་སྟོན་པ།།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ཁམས་པའི་དྲ་བ། སྤེལ་དུས། 07-30


མི་ཉག་གི་དགེ་སྒྲུབ་པ་དང་དམངས་གཉེར་ཁེ་ལས་པ་དཔལ་འབྱོར་ཕུན་ཚོགས་ཀྱི་གནས་ཚུལ་རགས་བཀོད།

གཞན་ཕན་དོན་གཉེར་གྱི་རིག་གནས་པ།། ལས་ལམ་གསར་གཏོད་ཀྱི་དཔེ་སྟོན་པ།།


དཔལ་འབྱོར་ཕུན་ཚོགས་ནི་དར་མདོ་གྲོང་ཁྱེར་སྐྱ་གད་གྲོང་རྡལ་གྱི་མི་ཡིན། 2012ལོར་སློབ་གྲྭ་ཆེན་པོ་ནས་ཐོན་རྗེས། གཞུང་ལས་པའི་ལས་ཀར་ཞུགས། 2016ལོར་ལས་ཀ་བསྐྱུར་ནས་ཕ་ཡུལ་དུ་ལོག་སྟེ་ལས་ལམ་གསར་གཏོད་བྱས་ཏེ《བཟང་པོ་སྟོང་སྐོར་མགྲོན་ཁང་།》ཞེས་པ་བཙུགས། 2016ལོར་དཀར་མཛེས་ཁུལ་དམངས་ཁྲོད་རིག་རྩལ་མཐུན་ཚོགས་ནང་ཞུགས་པ་དང་། 2019ལོར་སི་ཁྲོན་པར་ལེན་མཐུན་ཚོགས་ནང་ཞུགས། 2019ལོར་དར་མདོ་གྲོང་ཁྱེར་ཀྲི་ཞི་ཚོགས་པའི་ཚོགས་གཙོ་གཞོན་པར་གྱུར། འཁྲབ་གཞས་བརྩམས་ཆོས《མི་ཉག་སྐོར་བྲོ》དང་། པར་ལེན་བརྩམས་ཆོས《སྟོང་སྐོར་གནའ་ཤུལ》དངོས་བྲིས་ལྷུག་རྩོམ《གྲུབ་འབྲས་མ་ཐོབ་གོང་གི་བརྒྱུད་རིམ་ཆ་ཚང་བརྗོད་པ།》སོགས་ཡོད་པ་རེད།

མི་གཞན་ལ་རོགས་རམ་བྱེད་པ་ནི་མི་ཚེའི་བདེ་སྐྱིད་ཆེ་ཤོས་སུ་གྱུར།

2009ལོར་དཔལ་འབྱོར་ཕུན་ཚོགས་ལྷོ་ནུབ་མི་རིགས་སློབ་ཆེན་གྱི་ནོར་དཔལ་ཆེད་ལས་ལ་རྒྱུགས་འཕྲོད་པས་ཁྱིམ་མི་ཡོངས་ལ་དགའ་བ་སྟོང་དང་སྤྲོ་བ་འབུམ་བརྟས་པ་རེད།

སློབ་གྲྭ་ཆེན་པོར་ཐོན་དུས་དབྱིན་ཡིག་གི་རྨང་གཞི་ཞན་པས་དེ་ལ་དམིགས་ནས་དཀའ་བ་ཁྱད་དུ་བསད། ངལ་བ་དང་དུ་བླངས། སྔ་ལངས་བྱ་དང་ཕྱི་ཉལ་ཁྱི་བཞིན་འབད་ཞོར་སློབ་གྲྭའི་ནང་གི་སློབ་མ་ཆ་རྐྱེན་ཞན་ཞིང་ནད་ཀྱིས་མནར་བ་དང་ཉེ་འཁོར་གྱི་དཀའ་ལས་དང་འཕྲད་པའི་མི་དག་ལ་དོ་ཁུར་ཆེན་པོ་བྱས་པས་མ་ཚད་སློབ་གྲྭར་དང་བླངས་པའི་མཐུན་ཚོགས་བཙུགས་ཤིང་། ཁོས་ཚོགས་གཙོ་བྱས་ཤིང་ཚོགས་མི་སློབ་གྲོགས20ལྷག་ཡོད། གཟའ་མཇུག་རེར་ཁོས་དང་བླངས་པ་ཁྲིད་དེ་སློབ་གྲྭའི་ཉེ་འགྲམ་གྱི་རྒན་གསོའི་ལས་ཁུངས་ཤིག་ཏུ་དང་བླངས་ཞབས་འདེགས་ཞུ་བར་སྐྱོད་ཀྱིན་ཡོད། རྒན་རྒོན་ཚོར་གྱོན་གོས་འཁྲུད་རོགས་དང་། གཙང་སྦྲ་བྱེད་རོགས། གཞས་གཏོང་བ་དང་ཞབས་བྲོ་འཁྲབ་པས་རྒན་གསོ་ཁང་གི་རྒན་རྒོན་རྣམས་ཀྱི་དགའ་བསུ་ཆེན་པོ་ཐོབ་ཡོད།

2010ལོའི་ཟླ་བ4ཚེས14ཉིན་མཚོ་སྔོན་ཡུལ་ཤུལ་དུ་ས་འགུལ་ཆེན་པོས་མི་མང་པོར་ཤི་རྨས་བྱུང་ཞིང་། རྨས་མ་མང་པོ་ཞིང་ཆེན་མི་དམངས་སྨན་ཁང་དང་ཧྭ་ཞི་སྨན་ཁང་དུ་བསྐྱལ་ཡོང་དུས་སྨན་པ་དང་ནད་པའི་བར་སྐད་བརྡ་མི་འཕྲོད་པའི་དབང་གིས་སྨན་ཁང་ལ་བོད་རྒྱ་སྐད་གཉིས་ཀྱི་དང་བླངས་པ་མཁོ་བར་བརྟེན་ཁོས་སློབ་གྲྭའི་དང་བླངས་པ20ཁྲིད་དེ་སྨན་ཁང་དུ་སྐད་བསྒྱུར་བྱེད་པར་བསྐྱོད་དེ་གེགས་བར་བྱུང་བའི་མང་ཚོགས་ལ་སེམས་གསོ་བྱས་པ་དང་འབྲེལ་ནད་པར་རྐང་ལག་བཀྲུས་པ་དང་ལྟོ་ཆས་སྟེར་བ་སོགས་བྱས་པ་རེད།

དཔལ་འབྱོར་ཕུན་ཚོགས་ཞིང་སྡེ་ནས་འཚར་ལོངས་བྱུང་ཞིང་ཡུལ་མི་ཁ་ཤས་ཀྱི་ལྟོ་གོས་ཆ་རྐྱེན་ཅུང་སྡུག་པོ་ཡིན་པ་ཤེས་ཀྱི་ཡོད་པས་གཅེས་སེམས་སྤྱི་ཕན་རྩ་འཛུགས་བརྒྱུད་དེ་རྒྱལ་ཡོངས་ས་གནས་ཁག་ལ་གཅེས་སེམས་གྱོན་གོས་ཞལ་འདེབས་འབུལ་བའི་རེ་ཞུ་བྱས་པར་ཁེ་ལས་ཤིག་གི་སྦྱིན་བདག་སྐུ་ཞབས་ལི་ལགས་ཀྱིས་དཔལ་འབྱོར་ཕུན་ཚོགས་ཀྱིས་དགེ་ལས་སྒྲུབ་བཞིན་ཡོད་པ་ཤེས་རྗེས། རང་ཉིད་ཀྱི་གྲོགས་པོའི་ཚོགས་པའི་ནང་ནས་གྱོན་ཆས་ཞལ་འདེབས་བརྒྱབ། དེར་བརྟེན་པེ་ཅིང་དང་ཁྲུང་ཆིང་། ཁྲེང་ཏུའུ་སོགས་ཀྱིས་ཞལ་འདེབས་བརྒྱབ་པའི་གཅེས་སེམས་གྱོན་གོས་རྒྱུན་ཆད་མེད་པར་ཕ་ཡུལ་དུ་དབོར་ཏེ་རྡོ་རབས་གྲོང་ཚོ་དང་རི་བུ་གྲོང་ཚོ། མ་ཏ་གྲོང་ཚོ། དམག་གསེབ་གྲོང་ཚོ་སོགས་ཀྱི་ཡུལ་མི་མང་པོར་གྱོན་གོས་ཞལ་འདེབས་སྤྲོད་དུས་ཁོང་གིས་ཡུལ་མི་ཚོར་ཞལ་འདེབས་བླང་རྒྱུ་དེ་ནི་གཟི་བརྗིད་ལྡན་པའི་བྱ་བ་ཞིག་མིན། ཚང་མས་ངེས་པར་དུ་ཁུལ་དང་གྲོང་ཁྱེར། ཡུལ་ཤོག་བཅས་ཀྱི་ཏང་ཨུ་དང་སྲིད་གཞུང་གི་མགོ་ཁྲིད་འོག་རང་སྟོབས་རང་སྤེལ་གྱི་སྙིང་སྟོབས་དར་སྤེལ་བཏང་སྟེ་དབུལ་ཐར་ཐུབ་པ་དང་། རང་གི་ལག་ཟུང་ལ་བརྟེན་ནས་ཟས་གོས་སྤྱོད་གསུམ་ཚང་མར་འགན་ལེན་ཡོད་པ་དང་ལ་རྒྱ་ལྡན་པའི་སྒོ་ནས་འཚོ་བ་སྐྱེལ་ཐུབ་པ་ཞིག་བྱ་དགོས་ཞེས་ཡང་ནས་ཡང་དུ་བཤད་པ་རེད།

2012ལོའི་ཟླ་བ་བདུན་པར་དཔལ་འབྱོར་ཕུན་ཚོགས་སློབ་ཆེན་ནས་ཐོན་རྗེས་དཀར་མཛེས་ཁུལ་གྱི་རྫོང་རིམ་པའི་ལས་ཁུངས་ཤིག་ཏུ་ལས་ཀ་བྱེད་པར་བསྐྱོད། ལས་དོན་སྒྲུབ་དུས་ཐབས་ལ་མཁས་ཤིང་ཞིབ་ཕྲ་ཆེ་སྟབས་གོང་རིམ་མགོ་ཁྲིད་རྣམས་ཀྱི་མིག་ལ་མཛའ་ཞིང་ཡིད་དུ་འཐད་པས་ཁུལ་རིམ་པའི་ལས་ཁུངས་ཤིག་ཏུ་ལས་གནས་སྤོས། ས་ཆ་གང་དང་ལས་གནས་གང་དུ་སོང་རུང་གཞན་ཕན་བསྒྲུབ་རྒྱུ་དེ་ཁོས་ལས་ཀ་འགངས་ཆེན་དུ་བརྩིས་ནས་ནམ་ཡང་བློ་ངོར་འདོར་གྱིན་མེད།

2015ལོའི་ཟླ་བ་བརྒྱད་པར་དར་མདོ་གྲོང་ཁྱེར་ས་བདེ་ཡུལ་ཤོག་ཁྲུའུ་གྲོང་ཚོའི་ཡུལ་མི་རྣམ་སྲས་དོན་གྲུབ་ལ་མཁལ་མའི་ནད་གཞི་ཕོག་རྐྱེན་ཧྭ་ཞི་སྨན་ཁང་དུ་བསྡད་ནས་ཁྱིམ་མི་ཡོངས་ཀྱིས་ཁྲག་དང་རྔུལ་ཆུ་ལ་བརྟེན་ནས་བསགས་པའི་སྒོར་མོ་ཡོད་ཚད་སྨན་རིན་བྱིན་ཡང་ད་དུང་མི་འདང་ནས་ཨ་ཆད་འུ་ཐུག་པའི་ཚེ། ས་བདེ་ཡུལ་ཤོག་སྲིད་གཞུང་གི་ལས་དོན་མི་སྣས་དཔལ་འབྱོར་ཕུན་ཚོགས་ཀྱིས་གཞན་ཕན་གྱི་ལས་ལ་གཞོལ་བཞིན་ཡོད་པ་ཤེས་རྗེས་ནད་པའི་གནས་ཚུལ་ཁོང་ལ་ངོ་སྤྲོད་བྱས་ཤིང་། ཁོང་གིས་ཀྱང་འཕྲལ་མར་རོགས་སྐྱོབ་ཇུས་གཞི་ཞིབ་ཕྲ་བཟོ་མགོ་ཚུགས་པ་དང་འཕྲིན་ཕྲན་བརྒྱུད་ནས་རོགས་སྐྱོར་རེ་ཞུ་གང་སར་སྤེལ། གངས་ལྷ་མེ་ཏོག་སྤྱི་ཕན་རྩ་འཛུགས་དང་བོད་རིགས་ས་ཁུལ་གྱི་སྤྱི་ཕན་སྨན་བཅོས་རོགས་སྐྱོར་རྩ་འཛུགས་ཀྱིས་རོགས་སྐྱོབ་དང་ལེན་ཞུས་ནས་སྒོར་ཁྲི11ལྷག་ཐོབ་ནས་རྣམ་སྲས་དོན་གྲུབ་སྡུག་བསྔལ་གྱི་མེ་འོབས་ལས་སྐྱོབ་རོགས་བྱས་པ་རེད། མཐར་ལོ་གཉིས་བསྟུད་མར་རོགས་སྐྱོབ་བྱས་པར་བརྒྱུད་དེ་ནད་པའི་ནད་གཞི་དྲག་སྐྱེད་བྱུང་སྟེ་སྨན་ཁང་ནས་ཕྱིར་བུད་ཐུབ་ཡོད།

ཡང་ཐེངས་ཤིག་ལ་དར་མདོ་གྲོང་ཁྱེར་ཝ་ཁྲལ་ཡུལ་ཤོག་གི་རིན་ཆེན་ལ་མཁལ་མའི་ནད་ཕོག་ནས་མཁལ་མ་བརྗེ་དགོས་ཀྱི་ཡོད་ཀྱང་ཁྱིམ་མིས་ཡར་བསྡུས་མར་བསྡུས་ཇི་ལྟར་བྱས་ཀྱང་སྒོར་ཁྲི་གཅིག་ལས་མེད་ལ་སྨན་ཁང་ཕྱོགས་ཀྱིས་སྒོར་ཁྲི9ཡི་འགྲོ་གྲོན་གཏང་དགོས་ལུགས་བརྗོད་པས་ཅི་བྱ་གཏོལ་མེད་དུ་གྱུར་དུས་དཔལ་འབྱོར་ཕུན་ཚོགས་དྲན་ཏེ་ཁོ་ལ་འབྲེལ་བ་བྱས། ཅང་མ་འགོར་བར་དཔལ་འབྱོར་ཕུན་ཚོགས་སྨན་ཁང་དུ་འབྱོར་ནས་གནས་ཚུལ་ཤེས་རྟོགས་བྱུང་རྗེས་འཕྲལ་དུ་གངས་ལྷ་མེ་ཏོག་སྤྱི་ཕན་རྩ་འཛུགས་དང་པེ་ཅིང་ཐེབས་རྩ་ལྷན་ཚོགས་བཅས་ལ་འབྲེལ་བ་བྱས་ནས་སྒོར་ཁྲི9ཞལ་འདེབས་ལོན་ནས་ནད་པར་བདེ་བླག་ངང་གཤགས་བཅོས་བྱས་ཏེ་ནད་སངས་དྲག་བྱུང་བ་རེད།

དེ་མིན2015ལོའི་ཟླ་བ11པར་ཉག་རོང་རྫོང་རུ་ལུང་གྲོང་རྡལ་ཁ་ལུང་གྲོང་ཚོའི་རྡོ་རྗེ་བཀྲ་ཤིས་ཀྱི་ཕྲུ་གུ་ཁུལ་མི་དམངས་སྨན་ཁང་དུ་སྨན་བཅོས་བྱས་ནས་སྨན་རིན་ཆད་པས་ཁྲེང་ཏུའུ་རུ་ཡོད་པའི་དཔལ་འབྱོར་ཕུན་ཚོགས་ལ་རོགས་རམ་བྱ་རོགས་ཞུས་པས། ཁོང་ཅི་མགྱོགས་གང་མགྱོགས་སྒོས་ཁྲེང་ཏུའུ་ནས་ཁུལ་སྨན་ཁང་དུ་འབྱོར་ཞིང་། ཐབས་བརྒྱ་ཇུས་སྟོང་གིས་ཁུལ་གྱི་མགོ་ཁྲིད་བཙལ་ནས་གནས་ཚུལ་བཤད་པས་ཁུལ་སྤྱི་ཁྱབ་བཟོ་ཚོགས་ཀྱིས་སྒོར5000དང་ཉག་རོང་རྫོང་དམངས་སྲིད་ཅུས་ཀྱིས་སྒོར3000སྤྲད་པ་དང་། ད་དུང་མ་འདང་བའི་སྒོར2000ཁོ་རང་གིས་བྱིན་པ་རེད།

བརྩེ་སེམས་ཀྱི་གཏམ་རྒྱུད་གླེང་སྐབས་དཔལ་འབྱོར་ཕུན་ཚོགས་ཀྱི་མིག་ནས་མཆི་མ་འཁོར་བཞིན་ནད་པར་དུས་ཐོག་ཏུ་རོགས་སྐྱོབ་ཐོབ་ནས་དགའ་པོ་བྱུང་ལ་ད་དུང་ནད་པ་མང་པོ་ཞིག་ལ་དུས་ཐོག་ཏུ་རོགས་སྐྱོབ་མ་ཐུབ་པར་བློ་ཕམ་ཆེན་པོ་བྱུང་ཞེས་བཤད། དཀའ་ངལ་གང་འདྲ་ཞིག་དང་འཕྲད་རུང་ངས་གཞན་ཕན་བསྒྲུབ་རྒྱུ་མཐའ་འཁྱོངས་བྱ་རྒྱུ་ཡིན་ཞེས་བཤད། ལོ9ཡི་རིང་དཔལ་འབྱོར་ཕུན་ཚོགས་རང་ཉིད་དང་སྤྱི་ཕན་རྩ་འཛུགས་ཀྱིས་རང་རེའི་ཁུལ་གྱི་སེར་ཤུལ་རྫོང་དང་གསེར་རྟ། དཔལ་ཡུལ། ཉག་རོང་། དར་མདོ་སོགས་ཀྱི་དཀའ་ངལ་ཡོད་པའི་མང་ཚོགས་མང་པོ་ཞིག་ལ་རོགས་རམ་བྱས་ཡོད།

གཞན་ཕན་དོན་གཉེར་གྱི་རིག་གནས་པ།། ལས་ལམ་གསར་གཏོད་ཀྱི་དཔེ་སྟོན་པ།།

ལས་ལམ་གསར་གཏོད་ཀྱིས་མང་ཚོགས་ཕྱུག་འབྱོར་ཡོང་བར་སྐུལ་ཁྲིད་བྱས།

ཁོང་གིས་མི་ཉག་གི་རིག་གནས་མ་ཉམས་གོང་སྤེལ་དང་ཉམས་པ་སོར་ཆུད་བྱས་ཏེ་མི་ཉག་གི་སྐོར་བྲོ་དེ་ཁམས་པའི་བརྙན་འཕྲིན་ཁང་གི་ལོ་སར་དགོང་ཚོགས་སུ་འཁྲབ་སྟོན་བྱས་པར་བརྒྱུད་མི་མང་པོ་ཞིག་གི་མི་ཉག་གི་ལོ་རྒྱུས་དང་ཡུལ་སྲོལ་གོམས་གཤིས་ལ་ཤེས་རྟོགས་བྱུང་བར་མ་ཟད་མཁའ་དབུགས་གཙང་ཞིང་རི་ཆུ་མཛེས་པ་སོགས་ཀྱིས་མི་རྣམས་ཀྱི་ཡིད་དབང་འཕྲོག་ཏུ་བཅུག་པ་རེད།

ཁོང་གིས་ང་ཚོའི་ཕ་ཡུལ་ནི་གངས་དཀར་རི་བོ་དང་བཞག་བྲ་ལྷ་རྩེས་མཐའ་ནས་བསྐོར་ཡོད་ལ་ཕོ་བྲང་ལྔ་རྩེག་དང་བུམ་པ་ཡུལ་མཚོ་སོགས་མཛེས་ལྗོངས་གྲགས་ཅན་ཁུལ་ལ་བརྟེན་ནས་ཡོད་པ་དང་དེ་མིན་མི་ཉག་རིག་གནས་ལ་ལོ་རྒྱུས་རིང་པོ་ལྡན་ཡོད་པས་གྲོང་གསེབ་ཀྱི་ཡུལ་སྐོར་ལས་རིགས་འཕེལ་རྒྱས་གཏོང་བར་དགེ་མཚན་ལྡན་ཡོད་ཅེས་བཤད་པ་དང་། མིག་སྔར་ཁོང་གིས་མ་དངུལ་བཏང་བ་དང་ཡུལ་མི་མ་རྐང་ནང་ཞུགས་སུ་བཅུག་ནས་དར་མདོ་གྲོང་ཁྱེར་སྟོང་སྐོར་ཡུལ་སྐོར་གསར་སྤེལ་ཚད་ཡོད་སྤྱི་གཉེར་ཁང་བཙུགས་པ་རེད།

ཁོང་རང་གིས་བཟང་པོ་སྟོང་སྐོར་མགྲོན་ཁང་ཞེས་པ་ཞིག་བསྐྲུན་ནས་ཡུལ་སྐོར་སྣེ་ལེན་བྱས་པ་དང་ཁོང་གི་སྐུལ་མ་དང་རོགས་རམ་འོག་དུད་ཁྱིམ་སོ་སོས་ཀྱང་ཡུལ་སྐོར་སྣེ་ལེན་བྱས་ཤིང་། འགྲེམ་སྦྱོར་ཡང་ཡག་པོ་སོང་བས་ད་ལྟར་གྲོང་ཚོ་རུ་ཡོང་བའི་ཡུལ་སྐོར་བ་རྒྱལ་ནང་མིན་པའི་ཨ་མེ་རི་ཁ་དང་འཇར་མན། ཧྥ་རེ་སི། འཇར་པན། གོ་རེ་ཡ་སོགས་རྒྱུན་ཆད་མེད་པས་ཡོང་འབབ་ཀྱང་མི་དམན་པར་ཐོབ།

ཡུལ་མི་ཚོ་དང་མཉམ་དུ་ཕྱུག་པོར་འགྱུར་རྒྱུ་ནི་དཔལ་འབྱོར་ཕུན་ཚོགས་ཀྱི་རེ་འདུན་ཡིན། ཁོང་གིས་ཡུལ་མི་རྣམས་དང་གྲོས་མོལ་བྱས་ཏེ་ཡུལ་སྐོར་གྱི་ཡོང་འབབ་སྒོར་བརྒྱ་ཆ20དེས་ཁྱིམ་དུ་མི་ལག་མེད་པ་དང་ན་ནས་དབུལ་པོར་གྱུར་པའི་ཡུལ་མིར་སྤྲད་རྒྱུ་བྱས་ཡོད། དཔལ་འབྱོར་ཕུན་ཚོགས་ཀྱིས་ཡུལ་སྡེ་དར་རྒྱས་གཏོང་བའི་སྐབས་དང་བསྟུན་ནས་སྐྱིད་ཀྱི་ཉི་མ་ཡུལ་མི་ཡོངས་ལ་འཆར་ཐུབ་ངེས་རེད་བཤད།

སྤྱི་གཉེར་ཁང་བཙུགས་རྗེས་ད་དུང་ལས་ཀ་བྱེད་ཁག་པོ་མང་པོ་ཞིག་དཔལ་འབྱོར་ཕུན་ཚོགས་ཀྱིས་བསྒྲུབ་དགོས་ཤིང་། ཆེད་ལས་སྤྱི་གཉེར་ཁང་གདན་དྲངས་ནས་གྲོང་གསེབ་ཀྱི་ཡུལ་སྐོར་ཇུས་གཞི་བཟོ་དགོས་པ་དང་དམངས་སྲོལ་རིག་གནས་ཀྱི་ཆེད་ལས་པ་གདན་དྲངས་ནས་ཁྱད་ཆོས་དམིགས་བསལ་ལྡན་པའི་གྲོང་གསེབ་ཀྱི་ཨར་ཁང་ཇུས་འགོད་བཟོ་དགོས། ཆེད་ལས་མི་སྣ་གདན་དྲངས་ནས་ཡུལ་མིར་རྒྱ་ཡིག་དང་ཡུལ་སྐོར་གྱི་གུས་སྲོལ་གསོ་སྦྱོང་བྱ་དགོས། ཡིད་རྟོན་དངུལ་བུན་གཏོང་བར་རེ་ཞུས་བྱ་དགོས་པ་སོགས་ལས་ཀ་རབ་དང་རིམ་པ་མང་པོ་ཞིག་བསྒྲུབ་དགོས་ཀྱང་ཁོ་ལ་ཡིད་ཆེས་དང་གདེང་ཚོད་ཀྱིས་ཁེངས་ཡོད།

ཁོང་དར་མདོ་གྲོང་ཨུ་ཡིས་འོས་སྦྱོར་བྱས་པར་བརྟེན་ནས་གློག་རྡུལ་ཚོང་དོན་གྱི་གསོ་སྦྱོང་དུ་ཞུགས། སྦྱངས་འབྲས་ཁྱེར་ཏེ་ཕ་ཡུལ་དུ་ལོག་ནས་རྣམ་དཔྱོད་དང་མཐོང་རྒྱ་ལས་ཡུལ་མི་དང་མཉམ་དུ་སྟོང་སྐོར་ཁྱིམ་ཚང་ཞིང་ར་དང་སྟོང་སྐོར་གློག་རྡུལ་ཚོང་དོན་ཚད་ཡོད་སྤྱི་གཉེར་ཁང་བཙུགས། ཞིང་པའི་ཞིང་གི་ནུས་པ་འདོན་སྤེལ་བྱེད་ཆེད་སྤྱི་གཉེར་ཁང་གིས་ཞིང་མུའུ་བརྒྱ་ལྷག་བོགས་གཡར་བྱས་ནས་གྲོ་རྨོས་ཤིང་། གློག་ཚོང་དང་ཁེ་ལས། རྟེན་གཞི། ཞིང་ཁྱིམ་བཅས་འཕེལ་རྒྱས་བཏང་བར་བརྒྱུད་ནས་ཕ་ཡུལ་གྱི་ཡུལ་མི་རྣམས་ཀྱི་ཡོང་འབབ་མཐོ་རུ་བཏང་དང་གཏོང་བཞིན་ཡོད་དོ།།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1