ལྷ་ཉིང་ལྕགས་ལམ་ཤར་གཏོང་ལས་གཉེར་བྱེད་འགོ་ཚུགས་ནས་ཟླ་གཅིག་གི་རིང་ལ་འགྲུལ་པ་མི་ཐེངས་ཁྲི་10.6སྐྱེལ་འདྲེན་བྱས་ཡོད།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ཀྲུང་གོའི་བོད་ལྗོངས་དྲ་བ། སྤེལ་དུས། 08-02



         ཟླ7པའི་ཚེས25ཉིན་བར། བོད་ལྗོངས་ཀྱི་གློག་རླངས་ཅན་གྱི་ལྕགས་ལམ་ཐོག་མ་ལྷ་ས་ནས་ཉིང་ཁྲི་བར་གྱི་ལྕགས་ལམ(གཤམ་དུ“ལྷ་ཉིང་ལྕགས་ལམ”ཞེས་བསྡུ་རྒྱུ)ཤར་གཏོང་ཐུབ་ནས་ཟླ་བ་གཅིག་ཏག་ཏག་འགོར་ཡོད་པ་རེད། ཟླ་བ་གཅིག་ནང་ལྷ་ཉིང་ལྕགས་ལམ་གྱིས་འགྲུལ་པ་མི་ཐེངས་ཁྲི10.6སྐྱེལ་འདྲེན་བྱས་པ་དང་ཉིན་རེར་ཆ་སྙོམས་མི་ཐེངས3500ཟིན་ཡོད་ལ། བསྐྱར་དར་རྟགས་ཅན་གྱི་ས་མཐོའི་ཤུགས་འགྲེམས་མེ་འཁོར་ནང་བསྡད་དེ་འགྲོ་སྐྱོད་བྱ་རྒྱུ་དེ་ནི་ས་གནས་དེ་གའི་མང་ཚོགས་ཀྱི་འགྲིམ་འགྲུལ་གདམ་ག་གསར་པ་ཞིག་ཏུ་གྱུར་ཡོད། 
         ད་ལོའི་ཟླ6པའི་ཚེས25ཉིན། ལྷ་ཉིང་ལྕགས་ལམ་ཤར་གཏོང་ཐུབ་རྗེས་ལྷ་ས་ནས་ལྷོ་ཁ་དང་ཉིང་ཁྲིའི་བར་ཆུ་ཚོད1དང་སྐར་མ10དང་ཆུ་ཚོད3དང་སྐར་མ29འགོར་གྱི་ཡོད། ལྷོ་ཁ་ནས་ཉིང་ཁྲི་བར་མགྱོགས་ཤོས་སུ་ཆུ་ཚོད2དང་སྐར་མ22འགོར་ལ། གཞིས་རྩེ་ནས་ཉིང་ཁྲི་བར་མགྱོགས་ཤོས་སུ་ཆུ་ཚོད6དང་སྐར་མ56ཟིན་གྱི་ཡོད། 
ལྷ་ཉིང་ལྕགས་ལམ་ལ་སྡོད་མཁན་འགྲུལ་པ་ཚོའི་སྤ་སེ་བཤེར་བཞིན་པ།
ལྷ་ཉིང་ལྕགས་ལམ་སྟེང་གི་མེ་འཁོར་ཞབས་ཞུ་བས་འགྲུལ་པར་ཞབས་ཞུ་བྱེད་བཞིན་པ། 
         ལྷ་ས་འབབ་ཚུགས་ཀྱི་འགན་འཁུར་བས་ངོ་སྤྲོད་བྱས་པར་གཞིགས་ན། ལྷ་ཉིང་ལྕགས་ལམ་གྱི་འགྲུལ་རྒྱུན་གཙོ་བོ་ཡུལ་སྐོར་པ་དང་སྤུན་མཆེད་ཐུག་པར་འགྲོ་མཁན། ཞོར་ལས་ལ་སྐྱོད་མཁན། དེ་བཞིན་སློབ་མའི་འགྲོ་སྐྱོད་བཅས་ཡིན་པ་དང་། ལྷ་ས་ནས་ལྷོ་ཁ་དང་ཉིང་ཁྲིའི་བར་གྱི་སྤ་སེ་འདང་ངེས་ཡོད་པས་འགྲུལ་པ་མི་འདྲ་བའི་འགྲོ་སྐྱོད་ཀྱི་དགོས་མཁོ་སྐོང་ཐུབ་ཀྱི་ཡོད།
         ཤེས་རྟོགས་བྱུང་བར་གཞིགས་ན། འགྲུལ་པར་ཞབས་འདེགས་དེ་བས་ཡག་པོ་ཞུ་ཆེད། མཚོ་བོད་ལྕགས་ལམ་ཚོགས་པ་ཀུང་སིས་རྣམ་པ་མཛེས་ལ་ལས་སྒོ་བྱང་ཆུབ་པ། ཞབས་ཞུའི་ཉམས་མྱོང་ཕུན་སུམ་ཚོགས་པའི་མེ་འཁོར་ལས་སྣེ་བ་བསྐྱར་དར་རྟགས་ཅན་གྱི་ས་མཐོའི་ཤུགས་འགྲེམས་མེ་འཁོར་གྱི་ཞབས་ཞུ་བར་བདམས་ཡོད་པ་རེད། འཁོར་སྐྱོད་བྱེད་པའི་ལམ་བར་དུ་མེ་འཁོར་གྱི་རླུང་མཁོ་འདོན་སྒྲིག་ཆས་དང་གཅིག་སྡུད་རྣམ་པའི་གསང་སྤྱོད། གློག་གི་ཇ་ཐབ་བཅས་ཡོད་ས་དང་བདེ་སྤྱོད་བྱེད་ཐབས་རྒྱང་སྒྲོག་ལས་རྒྱུན་མ་ཆད་པར་བཏང་སྟེ་འགྲུལ་པས་བེད་སྤྱོད་སྟབས་བདེ་ཡོང་བ་བྱེད་ཀྱི་ཡོད།
         དེ་དང་ཆབས་ཅིག  མཚོ་བོད་ལྕགས་ལམ་ཚོགས་པ་ཀུང་སིས་བསྐྱར་དར་རྟགས་ཅན་གྱི་ས་མཐོའི་ཤུགས་འགྲེམས་མེ་འཁོར་གྱི་སྒྲིག་ཆས་ལ་ཞིབ་བཤེར་བཟོ་བཅོས་དང་སྲུང་སྐྱོང་བྱ་རྒྱུར་ཁྱོན་ཡོངས་ནས་ཤུགས་སྣོན་བརྒྱབ་ཡོད་ཅིང་། མེ་འཁོར་ཕྱིར་གཏོང་སྐབས། འཁོར་རིགས་ཆེད་ལས་ལག་རྩལ་མི་སྣས་འཁོར་སྒམ་དང་དྲོད་སྙོམ་འཕྲུལ་ཆས། དབྱང་བཟོ་འཕྲུལ་འཁོར། བཙོག་བསྡུ་ཡོ་ཆས་སོགས་ཞབས་ཞུའི་སྒྲིག་ཆས་ལ་ཁྱོན་ཡོངས་ནས་ཞིབ་བཤེར་ཐེངས་གཅིག་བྱ་ཤིང་། མེ་འཁོར་ཤར་གཏོང་གི་ལམ་བར་དུ། དབྱེ་ཞིབ་མི་སྣས་མེ་འཁོར་སྟེང་གི་སྒྲིག་ཆས་ལ་ཟམ་མི་ཆད་པར་རྒྱང་རིང་ལྟ་ཞིབ་ཚད་ལེན་དང་དབྱེ་ཞིབ་བྱས་པ་བརྒྱུད། གནད་དོན་ཤེས་རྟོགས་བྱུང་རྗེས་འཕྲལ་མར་ལྷ་སའི་ལས་རེས་མི་སྣར་མེ་འཁོར་ནང་ཞིབ་བཤེར་བྱ་རྒྱུའི་བརྡ་ཐོ་བཏང་བ་རེད། ལྷ་ཉིང་ལྕགས་ལམ་ཤར་གཏོང་ཐུབ་པ་ནས་བཟུང་མེ་འཁོར་ཀྱི་སྒྲིག་ཆས་མཛོད་ནས་ཐོན་ཏེ་སྤུས་ལེགས་ཚད་100%རྒྱུན་འཁྱོངས་ཐུབ་ཡོད།

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1