གཙོ་ངོས།>> སློབ་གསོ།>>འཚོ་བའི་རྒྱུན་ཤེས།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།མཚོ་སྔོན་བོད་ཡིག་གསར་འགྱུར། སྤེལ་དུས། ༢༠༢༡ལོའི་ཟླ་བ་༠༨ཚེས་༠༢ཉིན།

༄༅།། སེམས་ཀྱི་གནོན་ཤུགས་ཇེ་ཡང་དུ་གཏོང་ཐབས།

        གནས་བབ་ག་འདྲ་ཞིག་དང་ཡང་ན་དོན་དག་ག་འདྲ་ཞིག་གིས་རང་ཉིད་ལ་མི་མངོན་པའི་འཇིགས་སྐུལ་ཐེབས་ཉེན་ཆེ་བའི་སྐབས་སུ།འུ་ཅག་གི་སེམས་ཁམས་སྟེང་རང་ཤུགས་ཀྱིས་གནོན་ཤུགས་འབྱུང་བ་རེད།སྐབས་དེར་ལུས་སྟེང་ནས་མཁལ་སྟེང་གཤེར་རྨེན་རྒྱུ་ཀ་པ་དང་མཁལ་སྟེང་གཤེར་རྨེན་རྒྱུ་སོགས་ཀྱི་གནོན་ཤུགས་སྐུལ་རྩི་མང་པོ་འབྱུང་ཞིང་།སྐུལ་རྩི་དེ་དག་གི་ནུས་ཤུགས་འོག ང་ཚོར་སྙིང་ཁམས་མི་བདེ་བ་དང་ཁྲག་ཤེད་ཇེ་མཐོར་འགྲོ་བ།དབུགས་འབྱིན་རྔུབ་དཀའ་བ།རྔུལ་ཆུ་བཞུར་བ།རྣམ་རིག་ཇེ་གསལ་དུ་འགྲོ་བ།ཚོར་བ་རྐྱེན་པོར་འགྱུར་བ་བཅས་ཀྱི་སྣང་ཚུལ་འབྱུང་བ་དང་།གལ་ཏེ་གནོན་ཤུགས་ཆེན་པོས་མནར་བའམ་ཡང་ན་དུས་ཡུན་རིང་པོར་གནོན་ཤུགས་ཀྱིས་མནར་ཏེ།ཡུན་རིང་པོར་སྙོམས་སྒྲིག་མི་བྱེད་པའམ་ཡང་ན་སྙོམས་སྒྲིག་བྱེད་མ་ཐུབ་ན།ལྡོག་ཕྱོགས་ཀྱི་མཇུག་འབྲས་མི་ཉུང་བ་ཞིག་འབྱུང་སྲིད།
        འཚོ་བའི་གོམ་འགྲོས་ཇེ་མགྱོགས་དང་སྤྱི་ཚོགས་ཀྱི་འགྲན་རྩོད་ཇེ་རྒོད་དུ་སོང་བ་དང་བསྟུན་ནས།མི་རྣམས་ཀྱི་སེམས་ཀྱི་གནོན་ཤུགས་ཇེ་ལྗིད་ནས་ཇེ་ལྗིད་རེད།གནོན་ཤུགས་དང་ལུས་ཕུང་བདེ་ཐང་གི་བར་དུ་ཆེས་ཐད་ཀར་དང་ཆེས་གལ་ཆེ་བའི་འབྲེལ་བ་དམ་པོ་ཞིག་ཡོད་དེ།དཔེར་ན་པྲོག་དབྱིབས་སྙིང་ནད་དང་འབྲས་སྐྲན།རལ་ཟགས།གཉིད་མི་ཁུག་པ་སོགས་ནི་སེམས་ཀྱི་གནོན་ཤུགས་དང་འབྲལ་ཐབས་མེད།དེ་བས་གནོན་ཤུགས་ཇེ་ཡང་དུ་གཏོང་རྒྱུ་ནི་ཧ་ཅང་གལ་ཆེན་ཞིག་ཡིན།

        གཅིག གླེང་མོལ་བྱེད་པ། སེམས་ཀྱི་སྒོ་མོ་ཆེ་རུ་ཕྱེ་སྟེ་གྲོགས་པོ་དང་གཉེན་ཉེ་སོགས་ལ་གླེང་མོལ་བྱེད་པ་དང་།ཅིག་ཤོས་ཀྱི་ཨ་ལན་དང་སྐུལ་ལྕག་ཐོབ་པ་ལ་བརྟེན་ནས་གནོན་ཤུགས་ཕྱིར་ཕུད་དགོས།
        གཉིས། སེམས་པ་ལྷོད་ལ་འབབ་པ།མིག་བཙུམ་སྟེ་དབུགས་གཏིང་ལེན་བྱེད་པ་དང་།ལྷོད་གཡེང་གི་ཡུལ་ཁམས་ཤིག་སེམས་སུ་བསྒོམས་ནས་སྟོང་འདང་བརྒྱབ་པས་ཆོག
        གསུམ །གཞན་ལ་ལད་མོ་བྱེད་པ།མི་གཞན་གྱིས་འགྲན་རྩོད་ལ་ཇི་ལྟར་ཁ་གཏོད་པར་ལད་མོ་བྱས་ཏེ།གཞན་གྱི་ནུས་པ་ལྡན་པའི་རྩལ་ནུས་ལ་སློབ་སྦྱོང་བྱེད་དགོས།
        བཞི། ལུས་སྦྱོང་བྱེད་པ།རྒྱུན་དུ་ལུས་རྩལ་སྦྱོང་བརྡར་ནང་ཞུགས་པ་སྟེ།དཔེར་ན་བང་རྒྱུག་དང་ཐག་རྩེད་རྩེ་བ།ལྒང་ལི་རྒྱག་པ།ལྕགས་རྟར་ཞོན་པ།ཐའེ་ཅི་ཆོན་རྩེ་བ་སོགས་བྱས་ན།སྙིང་རུས་ཆེར་བསྐྱེད་དང་ཡིད་ཆེས་ཇེ་བརྟན་དུ་སོང་ནས།སྐབས་བསྟུན་འགྱུར་འབྱུང་དང་བསམ་ཚུལ་ངན་པ་ཇེ་ཡང་དུ་གཏོང་ཐུབ།
        ལྔ། གླུ་དབྱངས་ལ་ཉན་པ།གླུ་དབྱངས་ཀྱིས་མིའི་བག་ཤེས་ལ་ཐད་ཀར་ཤུགས་རྐྱེན་ཐེབས་སྲིད།སེམས་ཁམས་ལྷོད་ལ་འབབ་མི་ཐུབ་པའི་སྐབས་སུ་འཇམ་སྙན་གླུ་དབྱངས་ལ་ཉན་པ་དང་།སེམས་ཁམས་མི་སྐྱིད་པའི་སྐབས་སུ་སྤྲོ་དགའ་ཅན་གྱི་གླུ་དབྱངས་ལ་ཉན་དགོས།
        དྲུག གློག་བརྙན་ལྟ་བ།གློག་བརྙན་ལ་བལྟས་ན་མིའི་སེམས་ཁམས་སྤོ་བསྒྱུར་བྱེད་ཐུབ།གློག་བརྙན་ལ་བལྟས་ན་སེམས་ཀྱི་མི་འདོད་པའི་སྡུག་བསྔལ་ཡོངས་རྫོགས་རྒྱང་དུ་ཕུད་ཐུབ་ལ།ལྷག་པར་དུ་སྤྲོ་དགའི་གློག་བརྙན་དང་ཚན་རྟོག་གློག་བརྙན་ལ་བལྟས་ན་གནོན་ཤུགས་ཇེ་ཡང་དུ་གཏོང་བའི་ནུས་པ་དེ་བས་བཟང་།
        བདུན། རོལ་རྩེད་ལ་གཡེང་བ།གླུ་དབྱངས་ལེན་པ་དང་ཞབས་བྲོ་འཁྲབ་པ་སོགས་ཀྱི་རོལ་རྩེད་ལ་གཡེང་ན་སེམས་སྟེང་གི་གནོན་ཤུགས་ནུས་ལྡན་སྒོས་ཇེ་ཡང་དུ་གཏོང་ཐུབ།
        བརྒྱད། ཡུལ་སྐོར་དུ་འགྲོ་བ། མཛེས་པའི་ཡུལ་ལྗོངས་དང་ཡུལ་སྲོལ་གོམས་གཤིས་སྣ་ཚོགས་ཀྱིས་མིའི་སེམས་ཀྱི་སྡུག་བསྔལ་ཡོངས་རྫོགས་རྒྱང་དུ་ཕུད་དེ།ལུས་སེམས་གཉིས་ཀ་ལྷོད་ལ་འབབ་ཐུབ་པས།གནོན་ཤུགས་རང་བཞིན་གྱིས་ཡལ་འགྲོའོ། །

39.7K

ཐག་རག་ཡིག་བསྒྱུར་མ་ལག

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1