གཙོ་ངོས།>> གནས་མཇལ།>>རྒྱ་ནག་ཡུལ་གྱི་གནས་ཆེན།

རྣམ་དཀར་ལྷ་མོ། རྩོམ་སྒྲིག་པ།ཚེ་དཔལ།ཡོང་ཁུངས།ངེད་དྲ་བ། སྤེལ་དུས། ༢༠༢༡ལོའི་ཟླ་བ་༠༨ཚེས་༠༢ཉིན།

༄༅།། ལུའོ་དབྱང་རྟ་དཀར་དགོན།


རྣམ་དཀར་ལྷ་མོ།
        དེ་སྔོན་རང་ཉིད“མྱུལ་མ་ཏི་རིན་ཅའེ”《神探狄仁杰》ཞེས་པའི་མུ་འབྲེལ་བརྙན་འཕྲིན་ཟློས་གར་ཞིག་ལ་ལྟ་རྒྱུར་ཤིན་ཏུ་དགའ། ཚང་མས་ཤེས་གསལ་ལྟར་ཁོང་ནི་ལོ་རྒྱུས་མི་སྣ་གྲགས་ཅན་ཞིག་ཡིན་ཞིང་། ཐང་རྒྱལ་རབས་སྐབས་ཀྱི་ཆབ་སྲིད་པ་དང་ཝུའུ་ཀྲུའུ་སྐབས་ཀྱི་སྲིད་བློན་ཆེན་མོ་ཡིན། ཁོང་གིས་གྱོད་དོན་ཁྲིམས་གཅོད་ཐད་ནོར་འཁྲུལ་སྤུ་ཙམ་ཡང་བྱུང་མ་མྱོང་བས་ཀྲུང་གོའི“ཧྥུའུ་ཨར་མའོ་སི”ཞེས་པའི་མཚན་སྙན་ལྡན་པ་རེད། འོ་ན་ཁོང་ཉིད་སྐུ་གཤེགས་རྗེས་ཀྱི་དུར་ས་གང་དུ་ཡོད་དམ་ཞེ་ན། དམངས་ཁྲོད་དུ་ཁྱབ་པའི་བཤད་རྒྱུན་ལྟར་ན་ལུའོ་དབྱང་གི་རྟ་དཀར་དགོན་ན་ཡོད་སྐད། རེད་དེ་ད་ལྟ་ཡང་གནའ་རྫས་རྟོག་ཞིབ་པ་མང་པོ་ཞིག་ལ་དེའི་སྐོར་ནས་ལྟ་བ་མི་འདྲ་བའང་འདུག །རྒྱུ་མཚན་འདི་འདྲར་བརྟེན་རང་ཉིད་ཀྱིས་དགོན་པ་དེའི་སྐོར་ནས་རྒྱུས་ལོན་རགས་ཙམ་བྱ་བའི་འདུན་པ་སྐྱེས་བྱུང་།
        སྤྱིར་ན་རྟ་དཀར་དགོན་པ་ནི་ཧུའུ་ནན་ཞིང་ཆེན་ལུའོ་དབྱང་གྲོང་ཁྱེར་དུ་ཡོད་པ་དང་། ཏུང་ཧན་རྒྱལ་རབས་ཀྱི་ཡུང་ཕིང་ཁྲི་ལོ་བཅུ་གཅིག་པ་སྟེ་སྤྱི་ལོ་68ལོར་ཕྱག་བཏབ་པ་ཡིན་ཏེ། ནང་བསྟན་ཆོས་ལུགས་ཀྲུང་གོ་རུ་དར་ཁྱབ་བྱུང་རྗེས་ཀྱི་སྲིད་གཞུང་གིས་བཏབ་པའི་དགོན་པ་ཐོག་མ་ཡིན་པར་མ་ཟད། ཀྲུང་གོའི་དགོན་པ་ཐོག་མའི་མཚན་ཐོག་པ་དང་ད་ལྟའི་བར་དུ་ལོ་ངོ་1900ལྷག་གི་ལོ་རྒྱུས་ལྡན། རྒྱུས་ལོན་བྱུང་བ་ལྟར་ན་རྟ་དཀར་དགོན་པས་ནང་བསྟན་ཆོས་ལུགས་དེ་ཁོ་རེ་ཡ་དང་འཇར་ཕན། ཨེ་ཤ་ཡ་ཤར་ལྷོའི་ས་ཁུལ་དུ་དར་ཁྱབ་བཏང་བར་མ་ཟད། རྗེས་ནས་མུ་མཐུད་དུ་ཡོ་རོབ་དང་མེ་གླིང་དུ་དར་ཁྱབ་བྱུང་བས་འཛམ་གླིང་གི་ས་གནས་སོ་སོའི་དད་ལྡན་མང་ཚོགས་ཀྱི་མཆོད་མཇལ་བྱེད་པའི་གནས་མཆོག་ཏུ་གྱུར། དེར་བརྟེན་དུས་རབས་19པའི་དུས་མཇུག་ནས་བཟུང་། འཇར་ཕན་གྱིས་དངུལ་སྒོར་གྱི་ཞལ་འདེབས་ཕུལ་ནས་རྟ་དཀར་དགོན་པའི་ཅོང་ཁང་གསར་བཟོ་མཛད་ཅིང་། དེ་བཞིན་ཐེ་ལན་དང་ཧིན་རྡུ། འབར་མ་སོགས་ཀྱི་སྲིད་གཞུང་གིས་སྔ་གཞུག་ཏུ་རྟ་དཀར་དགོན་པའི་བཟོ་སྐྲུན་ལ་ཞལ་འདེབས་ཕུལ་བས། རྟ་དཀར་དགོན་པ་དེ་འཛམ་གླིང་ཐོག་ཀྲུང་གོ་དང་ཧིན་རྡུ། འབར་མ། ཐེ་ལན་བཅས་རྒྱལ་ཁབ་བཞིའི་བཟོ་སྐྲུན་ཁྱད་ཆོས་ལྡན་པའི་རྒྱལ་སྤྱིའི་རང་བཞིན་གྱི་དགོན་པ་ཞིག་ཏུ་གྱུར།
        ལྷག་པར་དུ་རྟ་དཀར་དགོན་པའི་ཅོང་སྒྲ་ནི་བཀྲ་ཤིས་པའི་མཚོན་རྟགས་ཤིག་ཡིན་པས། ལུའོ་དབྱང་གྲོང་ཁྱེར་གྱི་ལྗོངས་རྒྱུ་ཆེན་མོ་བརྒྱད་ཀྱི་གྲས་སུ་ཚུད་ཡོད། ཡིན་ཡང་དེང་སྐབས་རྒྱལ་ནང་དུ་རིམ་བཞིན་ཉམས་ཞན་དུ་འགྱུར་བཞིན་འདུག །དེ་ལས་ལྡོག་སྟེ་འཇར་ཕན་རྒྱལ་ཁབ་ཀྱི་ཡུལ་སྐོར་པ་མང་པོས་དགོན་པ་དེའི་ཅོང་བརྡ་ཉན་བཞིན་ལོ་གསར་པ་བསུ་བའི་རེ་སྨོན་ཡོད་པས། དེའི་རྗེས་སུ་དགོན་པའི་ཅོང་རྡུང་བའི་དུས་ཚོད་དེ་འཇར་ཕན་གྱི་ལོ་སར་གྱི་ཚེས་མགོ་རུ་གཏན་འཁེལ་བྱས་འདུག །
        དེ་ཡང་རྟ་དཀར་དགོན་པ་ནི་ནང་པ་སངས་རྒྱས་ཆོས་ལུགས་ཀྱི་མེས་དགོན་དུ་གྲགས་ཤིང་། ད་ལྟར་དགོན་པ་དེར་ཉར་ཚགས་བྱས་ཡོད་པའི་གནའ་བོའི་རྡོ་རིས་བརྐོས་ཡིག་དང་མཆོད་ཆས་སོགས་ཀྱི་ཐོག་ཏུ“མེས་དགོན”ཏེ་རྒྱ་ཡིག་ཏུ“祖庭”དང“释源”ཞེས་པའི་ཡིག་འབྲུ་ཡོད་པས་དགོན་པ་དེ་ཀྲུང་གོའི་ནང་བསྟན་ཆོས་ལུགས་ཀྱི་ལོ་རྒྱུས་ཐོག་ཐུན་མིན་གྱི་གནས་བབ་བཟུང་ཡོད་དེ། བཤད་སྲོལ་ལྟར་ན། ཀྲུང་གོའི་དགོན་པ་ཐོག་མ་རྟ་དཀར་དགོན་དང་། ཀྲུང་གོའི་རིང་བསྲེལ་མཆོད་རྟེན་ཐོག་མ་ཆི་ཡུན་མཆོད་རྟེན་ཡིན། དེ་མ་ཟད་ཆེས་ཐོག་མར་ནུབ་ཕྱོགས་སུ་ཆོས་དཔེ་ལེན་དུ་ཕེབས་པའི་ཀྲུའུ་ཧྲི་ཞིན་ནི་རྟ་དཀར་དགོན་པ་ནས་ཡིན་ལ། ཆེས་ཐོག་མར་ཀྲུང་གོར་ཕེབས་པའི་ཧིན་རྡུའི་བཙུན་པ་རྟ་དཀར་དགོན་དུ་སྒོམ་བཞུགས་གནང་བ། ཆེས་ཐོག་མར་ཀྲུང་གོར་ཁྱབ་པའི་ལེགས་སྦྱར་གྱི་ཆོས་དཔེ《ཏ་ལའི་ལོ་མའི་ཡི་གེ》རྟ་དཀར་དགོན་དུ་ཉར་པ། ཆེས་ཐོག་མའི་ལོ་ཙཱ་གླིང་རྟ་དཀར་དགོན་པའི་བསིལ་ར་ནས་བཙུགས་པ། ཆེས་ཐོག་མའི་རྒྱ་འགྱུར་ཆོས་དཔེ《 མདོ་རྒྱུད་ཞེ་གཉིས》 《 四十二章经》རྟ་དཀར་དགོན་པ་ནས་བསྒྱུར་བ། ཆེས་ཐོག་མའི་འདུལ་ཁྲིམས་རྒྱ་འགྱུར་མ《བཙུན་པའི་འདུལ་ཁྲིམས》《僧祗戒心》རྟ་དཀར་དགོན་པ་ནས་བསྒྱུར་མགོ་བརྩམས་ཤིང་ལུའོ་དབྱང་ནས་སྡོམ་པ་ཐོག་མར་གནང་བ། དེ་ཡང་ནང་པ་དང་ཏའོ་ལུགས་བར་གྱི་རྩོད་པ་ཐོག་མ་ཡང་རྟ་དཀར་དགོན་ནས་བྱུང་བ་དང་། རྒྱའི་བཙུན་པ་ཐོག་མ་ཀྲུའུ་ཧྲི་ཞིན་གྱིས་རྟ་དཀར་དགོན་ནས་སྡོམ་པ་བཞེས་པ་རེད།
        གཞན་ཡང་དགོན་པའི་མཚན་གྱི་བྱུང་བའི་སྐོར་ནས་གླེང་ན། ཧན་རྒྱལ་རབས་ཀྱི་གོང་མ་མིང་མངའ་ཁྲིར་བཞུགས་རྗེས། སྤྱི་ཚོགས་དཔལ་འབྱོར་དར་ཞིང་རྒྱས་པ་དང་། རྒྱལ་ཁབ་ཀྱང་ལྟོས་བཅས་ཀྱིས་བརྟན་བརླིང་ཡིན་པས་ལོ་རྒྱུས་སུ“མིང་ཀྲང་གི་བཅོས་སྐྱོང་ཆེན་མོ”ཞེས་འབོད། དེ་བཞིན་ཧན་ཤར་མའི་ཡུང་ཕིང་ཁྲི་ལོ་བདུན་པ་སྟེ་སྤྱི་ལོ་68ལོར། གོང་མ་མིང་གིས་མཚན་མོར་རྨི་ལམ་ནང་དུ་མི་ཐུ་བོ་ཆེ་ཞིག་གི་ལུས་པོར་གསེར་མདོག་གི་འོད་འཕྲོ་བཞིན་ནུབ་ཕྱོགས་ནས་ཕེབས་ཏེ། གཙུག་ལག་ཁང་ཆེན་མོའི་ནང་དུ་འཕུར་ལྡིང་བྱས་པ་རྨིས། ཕྱི་ཉིན་ཞོགས་པར་བློན་པོ་རྣམས་ལ་རྨི་ལམ་དེ་གླེང་བ་ན། བློན་པོ་ཧྥུའུ་དབྱིས་ཞེས་པ་ཞིག་གིས་གོང་མ་ལ་ལན་དུ། ནུབ་ཕྱོགས་ན་ལྷ་ཞིག་ཡོད་དེ་མཚན་ལ་སངས་རྒྱས་སུ་གྲགས། དེ་ཉིད་ནི་གོང་མ་ཁྱེད་ཀྱི་རྨི་ལམ་དང་གཉིས་སུ་མེད། གོང་མས་ཐོས་རྗེས་ཐུགས་ཤིན་ཏུ་དགྱེས་ཏེ། ཚའེ་དབྱིན་དང་ཆིང་ཅིང་བཅས་བློན་པོ་གཉིས་བཀའ་མངགས་གནང་སྟེ་ནུབ་ཕྱོགས་ཀྱི་ལྷ་དེ་འདྲེན་པར་ཕྱིན།
        བློན་པོ་དེ་གཉིས་འཁོར་དང་བཅས་པ་ཏ་ཟིག་རྒྱལ་ཁབ་ཏེ་ད་ལྟའི་ཨབ་གན་སི་ཐན་དུ་འབྱོར་རྗེས། གནས་དེར་ཆོས་སྤེལ་མཛད་བཞིན་པའི་ཧིན་རྡུའི་བཙུན་པ་ཧྲུའུ་མོ་ཐུན(摄摩腾)དང་ཀྲུའུ་ཧྥ་ལན(竺法兰)གཉིས་དང་འཕྲད་ཅིང་། ཁོང་ཚོས་རྒྱལ་བའི་གསུང་རབ་དང་ཤཱཀྱ་ཐུབ་པའི་སྣམ་བུའི་འདྲ་སྐུ་ཞིག་ཞལ་མཇལ་བྱུང་བ། དེར་བརྟེན་བློན་པོ་ཁོང་གཉིས་ཀྱིས་བཙུན་པ་ཁོང་གཉིས་རྒྱལ་ནང་དུ་ཆོས་སྤེལ་བར་གདན་ཞུས་གནང་བ་ན། བཙུན་པ་རྣམ་གཉིས་ཀྱིས་རྒྱལ་བའི་གསུང་རབ་དང་སངས་རྒྱས་ཀྱི་སྐུ་བཅས་རྟ་དཀར་པོར་བཀལ་ནས་ལུའོ་དབྱང་དུ་བྱོན་པ་རེད། དེ་བཞིན་དགོན་པའི་མཚན་ལ་རྟ་དཀར་དགོན་ཞེས་གསོལ་བ་རེད།
        1959ལོར་རྩོམ་རིག་མཁན་པོ་སྐུ་ཞབས་ཀའོ་མོ་རུའོ་ཡིས་རྟ་དཀར་དགོན་པར་གཟིགས་སྐོར་གནང་བ་དང་སྙན་ངག་གི་དྲན་རྟེན་ཕུལ། བྲིས་མཚམས་འདི་ནས་གུས་མོས་ཀྱང་དུས་ནམ་ཞིག་ལ་རང་ཉིད་ཀྱང་གྲོང་ཁྱེར་དེར་ཐེངས་གཅིག་ཕྱིན་ཏེ། ལོ་རྒྱུས་ཀྱི་ལམ་ཐིག་སྙེག་བཞིན་རྟ་དཀར་དགོན་པའི་ཕྱི་ཚུལ་གྱི་མཛེས་པ་དང་སྒོས་སུ་རྟ་དཀར་དགོན་པའི་ཆོས་ལུགས་རིག་གནས་ལ་རྒྱུས་མངའ་ཐེངས་གཅིག་ལེན་ཐུབ་ན་ཅི་མ་རུང་སྙམ། ། 

39.7K

ཐག་རག་ཡིག་བསྒྱུར་མ་ལག

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1