པཎ་ཆེན་མཆོག་ལྷ་སར་ཕེབས་པ།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས། སྤེལ་དུས། 08-06



          སྤྱི་ཟླ་7ཚེས་30ཉིན་རྒྱལ་ཡོངས་སྲིད་གྲོས་ཀྱི་རྒྱུན་ཨུད། ཀྲུང་གོ་ནང་བསྟན་མཐུན་ཚོགས་ཀྱི་ཚོགས་གཙོ་གཞོན་པ།    ཀྲུང་གོ་ནང་བསྟན་མཐུན་ཚོགས་བོད་ལྗོངས་ཡན་ལག་མཐུན་ཚོགས་ཀྱི་ཚོགས་གཙོ་པཎ་ཆེན་ཨེར་ཏེ་ནི་ཆོས་ཀྱི་རྒྱལ་པོ་མཆོག་ནས་ལྷ་སར་བརྟག་ཞིབ་དང་འབྲེལ་ཆོས་ཕྱོགས་ཀྱི་མཛད་སྒོ་བསྐྱངས་གནང་བ་རེད། 
          བོད་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུད། འཐབ་ཕྱོགས་གཅིག་གྱུར་པུའི་པུའུ་ཀྲང་།    ལྗོངས་སྲིད་གྲོས་ཏང་ཙུའུ་ཡི་ཧྲུའུ་ཅི་གཞོན་པ། ཀྲུའུ་ཞི་གཞོན་པ་བསྟན་ཁོ་སོགས་བོད་རང་སྐྱོང་ལྗོངས་ཀྱི་འབྲེལ་ཡོད་དབུ་ཁྲིད་ཀྱིས་ལྷ་སའི་གོང་དཀར་གནམ་ཐང་དུ་ཕེབས་བསུར་བཅར་ནས་འཚམས་ཞུའི་མཇལ་དར་ཕུལ་བ་རེད།  

          བོད་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུད། འཐབ་ཕྱོགས་གཅིག་གྱུར་པུའི་པུའུ་ཀྲང་། ལྗོངས་སྲིད་གྲོས་ཏང་ཙུའི་ཧྲུའུ་ཅི་གཞོན་པ།  ཀྲུའུ་ཞི་གཞོན་པ་བསྟན་ཁོས་པཎ་ཆེན་མཆོག་ལ་འཚམས་ཞུའི་མཇལ་དར་འབུལ་བཞིན་པ། 
     
          རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་གསུམ་པའི་རྒྱུན་ཨུད། བོད་རང་སྐྱོང་ལྗོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ། ཀྲུང་གོ་ནང་བསྟན་མཐུན་ཚོགས་ཀྱི་ཚོགས་གཙོ་གཞོན་པ། བོད་ལྗོངས་ཡན་ལག་མཐུན་ཚོགས་ཀྱི་རྒྱུན་ལས་ཚོགས་གཙོ་གཞོན་པ། བོད་ལྗོངས་ནང་བསྟན་སློབ་གླིང་གི་སློབ་སྤྱི་སྒྲུབ་ཁང་ཐུབ་བསྟན་མཁས་གྲུབ་ནས་པཎ་ཆེན་རིན་པོ་ཆེ་མཆོག་ལ་འཚམས་ཞུའི་མཇལ་དར་འབུལ་བཞིན་པ། 
          དེ་རྗེས་པཎ་ཆེན་མཆོག་རླངས་འཁོར་ལ་བཞུགས་ནས་ལྷ་སར་ཡོད་པའི་པཎ་ཆེན་རིན་པོ་ཆེའི་ཕོ་བྲང་བཞུགས་གླིང་རྡོ་རྗེ་ཕོ་བྲང་དུ་ཞབས་སོར་འཁོད་པ་རེད།  གྲུ་ཆར་ཟིམ་ཟིམ་འབབ་པའི་གནའ་གྲོང་གིས་སྐྱེ་བོའི་ཚོགས་ལ་བདེ་བའི་འཚོར་བ་སྦྱིན།  བོད་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རྒྱུན་ལས་ཧྲུའུ་ཅི་གཞོན་པ། རང་སྐྱོང་ལྗོངས་སྲིད་གྲོས་ཏང་ཙུའི་ཧྲུའུ་ཅི་ཀྲོང་ཡོན་དང་། སྐབས་བཅུ་དགུ་པའི་ཀྲུང་དབྱང་རྗེས་སྣོན་ཨུ་ཡོན།    བོད་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ།    ལྷ་ས་གྲོང་ཨུད་ཀྱི་ཧྲུའུ་ཅི་ཡན་ཅིན་ཧའེ་སོགས་བོད་རང་སྐྱོང་ལྗོངས་ཀྱི་འབྲེལ་ཡོད་དབུ་ཁྲིད་བཞུགས་གླིང་རྡོ་རྗེ་ཕོ་བྲང་དུ་ཕེབས་བསུར་བཅར་ཡོད་པ་རེད།     ལྷ་སའི་དགོན་སྡེ་ཆེ་ཁག་གི་དགེ་འདུན་པ་དང་དད་ལྡན་མང་ཚོགས་ཀྱི་འཐུས་མིས་ལག་ཏུ་དཀར་གཙང་མཇལ་དར་བསྣམས་ནས་ཆར་ཟིམ་ཁྲོད་རིན་པོ་ཆེའི་གསེར་ཞལ་མཇལ་རྒྱུའི་རེ་སྒུག་ཞུ་བཞིན་ཡོད་པ་རེད། 

          རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་གསུམ་པའི་རྒྱུན་ཨུད།    རྒྱལ་ཡོངས་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱི་ཀྲུའུ་ཞི་གཞོན་པ།    བོད་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ཨུད་ཀྱི་ཀྲུའུ་རེན་གཞོན་པ་བསམ་སྡིངས་རྡོ་རྗེ་ཕག་མོ·བདེ་ཆེན་ཆོས་སྒྲོན་གྱིས་པཎ་ཆེན་མཆོག་ལ་འཚམས་ཞུའི་མཇལ་དར་འབུལ་བཞིན་པ། 
     
          པཎ་ཆེན་རིན་པོ་ཆེ་སྐུ་འཁོར་དང་བཅས་པ་བཞུགས་གླིང་རྡོ་རྗེ་ཕོ་བྲང་དུ་ཕེབས་འབྱོར་ཟིན་པ།
དད་ལྡན་སེར་སྐྱ་མང་ཚོགས་ཀྱིས་ལག་ཏུ་དཀར་གཙང་མཇལ་དར་བསྣམས་ཏེ་གསེར་ཞལ་མཇལ་རེ་བྱེད་བཞིན་པ།  
              
          པཎ་ཆེན་རིན་པོ་ཆེ་མཆོག་ནས་དད་ལྡན་སེར་སྐྱའི་ཚོགས་ལ་ཕྱག་གཡུག་གཡུག་གནང་བཞིན་པ། 

          པཎ་ཆེན་རིན་པོ་ཆེས་ཕྱེ་མར་ཕུད་བཞེས་ཀྱིས་ལོ་ལེགས་ཡོང་བའི་སྨོན་འདུན་ཞུ་བ།     
          བཞུགས་གླིང་རྡོ་རྗེ་ཕོ་བྲང་གི་གཟིམས་སྒོའི་མདུན་དུ་དགེ་འདུན་པ་རྣམས་ཀྱིས་བཀྲིས་རྟགས་བརྒྱད་ཀྱི་རི་མོས་རྒྱན་ཅིང་ཕེབས་ལམ་གཡས་གཡོན་ན་དད་ལྡན་སེར་སྐྱའི་སེར་སྦྲེངས་བསྟར་བསྒྲིགས་དབུས་སྤྱན་འདྲེན་གསེར་གླིང་དང་རིན་རྒྱན་སྤོས་འཛིན་པས་སྔོན་བསུས་ཀྱིས་པཎ་ཆེན་མཆོག་གཟིམས་སྒོ་ཆེན་མོ་ནས་གཟིམ་སྦུག་བར་ཞབས་རས་ཐོག་དལ་ཕེབས་ངང་བཞིན་འཛུམ་དང་ཕྱག་གཡུག་གིས་དད་ལྡན་སེར་སྐྱའི་ཚོགས་ཀྱི་དད་པའི་གསོས་སུ་སྨིན་པར་མཛད་པ་རེད། 

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1