ཆོས་དབྱིངས་སྐྱིད་ཀྱིས་འཛམ་གླིང་སྐྱེས་མའི་འགྲོས་འགྲན་ལས་ཨང7པ་བླངས

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ཁམས་པའི་དྲ་བ། སྤེལ་དུས། 08-09




          ཟླ8པའི་ཚེས་6ཉིན་གྱི་ཕྱི་དྲོའི་ཆུ་ཚོད15:30ཐོག་ཏུང་ཅིང་ཨོ་རྩལ་འགྲན་ཚོགས་ཀྱི་སྐྱེས་མའི་སྤྱི་ལེ20འགྲོས་འགྲན་གྱི་རྟིང་རྩོད་འགྲན་བསྡུར་སྤེལ་བ་ལས། རང་རྒྱལ་གྱི་འགྲན་ཞུགས་པ་ལིའུ་ཧོང་དང་དབྱང་ཅ་ཡུས། ཆོས་དབྱིངས་སྐྱིད་བཅས་འགྲན་བསྡུར་ལ་ཞུགས་ཡོད། ལིའུ་ཧོང་གིས་ཨང་གསུམ་པ་བླངས་པ་དང་། གངས་རིའི་བུ་མོ་ཆོས་དབྱིངས་སྐྱིད་ཀྱིས་ཨང་བདུན་པ་བླངས་པ་རེད།

          གངས་རིའི་བུ་མོ་ཆོས་དབྱིངས་སྐྱིད་ནི1990ལོའི་ཟླ11པའི་ཚེས11ཉིན་ལ། མཚོ་སྔོན་ཞིང་ཆེན་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་མདའ་བཞི་རྫོང་ཝ་མགྱོགས་ཡུལ་ཚོའི་འབྲོག་ཁྱིམ་དཀྱུས་མ་ཞིག་ཏུ་སྐྱེས། ལོ16ལ་སོན་སྐབས་ཁོ་མོ་མཚོ་སྔོན་ཞིང་ཆེན་ལུས་རྩལ་སློབ་གྲྭས་བདམས་ཏེ་སློབ་སྟོན་རྩལ་ཁྲིད་པའི་གྲོས་འགོའི་འོག་འགྲོས་འགྲན་སྦྱོང་བརྡར་བྱས། 2010ལོའི་ཟླ་6པར།  ཆོས་དབྱིངས་སྐྱིད་རྒྱལ་ཁབ་འགྲོས་འགྲན་རུ་ཁག་གི་མཉམ་སྦྱོང་རུ་ཁག་ནང་ཞུགས་པ་རེད།

          ཁོ་མོ་ཆུང་དུས་ནས་ལུས་རྩལ་ལ་དགའ་བ་དང་། སེམས་བག་ཡངས་པའི་གཤིས་ཀ་དང་འགྱུར་བ་མེད་པའི་བློ་སྟོབས་ལས་རང་ཉིད་དང་ཁ་གཏད་རེ་རེ་ལས་རྣམ་པར་རྒྱལ་ཞིང་། ད་བར་དུ་ཕུགས་བསམ་དོན་གཉེར་གྱི་གོམ་སྟབས་ལྷོད་དུ་གཏོང་མྱོང་མེད།  ཁོ་མོ་ནི་མིག་སྔར་འཛམ་གླིང་འགྲོས་འགྲན་གྱི་བདམས་ཐོན་པ་རྩེ་གྲ་ཡིན་པར་མ་ཟད། ཨོ་རྩལ་འགྲན་ཚོགས་ཐོག་གཟེངས་རྟགས་ཐོབ་མྱོང་མཁན་ཀྲུང་གོའི་བོད་རིགས་ལུས་རྩལ་པ་དང་པོ་ཡང་ཡིན་ལ། རྒྱལ་ནང་དང་རྒྱལ་སྤྱིའི་འགྲན་ར་ལས་གཟི་བརྗིད་མཚན་སྙན་མང་པོ་ཐོབ་མྱོང་ཡོད།

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1