ཞི་ཅིན་ཕིང་གིས་ཏོག་གསར་གློ་ཚད་རིམས་འགོག་སྨན་ཁབ་མཉམ་ལས་རྒྱལ་སྤྱིའི་གླེང་སྟེགས་ཀྱི་གྲོས་ཚོགས་དང་པོའི་ཐོག་ཤིས་ཚིག་གསུངས་པ།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།མི་དམངས་དྲ་བ། སྤེལ་དུས། 08-10



      ཟླ་8ཚེས་5ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཏོག་གསར་གློ་ཚད་རིམས་འགོག་སྨན་ཁབ་མཉམ་ལས་རྒྱལ་སྤྱིའི་གླེང་སྟེགས་ཀྱི་གྲོས་ཚོགས་དང་པོའི་ཐོག་ཡིག་ཐོག་ནས་ཤིས་ཚིག་གསུངས་པ་རེད།
      ཞི་ཅིན་ཕིང་གིས་བསྟན་གནང་དོན། ད་ལོའི་ཟླ་5པར་ངས་གོ་ལ་ཧྲིལ་པོའི་བདེ་ཐང་དབུ་ཚོགས་ཐོག་ཀྲུང་གོས་གོ་ལ་ཧྲིལ་པོས་མཐུན་སྒྲིལ་གྱིས་རིམས་འགོག་ལ་རྒྱབ་སྐྱོར་བྱ་རྒྱུའི་བྱ་ཐབས་ཁག་ལྔ་ཁྱབ་བསྒྲགས་བྱས་པ་དེའི་ནང་ཏོག་གསར་གློ་ཚད་རིམས་འགོག་སྨན་ཁབ་མཉམ་ལས་ཀྱི་རྒྱལ་སྤྱིའི་གླེང་སྟེགས་འཛུགས་རྒྱུ་དང་། རིམས་འགོག་སྨན་ཁབ་ཐོན་སྐྱེད་དང་ཞིབ་འཇུག་གསར་སྤེལ་བྱེད་མཁན་རྒྱལ་ཁབ་དང་ཁེ་ལས། ཁེ་ཕན་གཙོ་གནད་ཕྱོགས་དང་ལྷན་ཅིག་དུ་རྒྱལ་སྤྱིའི་རིམས་འགོག་སྨན་ཁབ་འདྲ་མཉམ་དང་ལུགས་མཐུན་གྱིས་བགོ་བཤའ་རྒྱག་པར་སྐུལ་འདེད་གཏོང་བའི་གྲོས་བསྡུར་བྱ་རྒྱུའི་གྲོས་འགོ་བཏོན་པ་ཚུད་ཡོད། མིག་སྔར། རིམས་ནད་ཡང་ཡང་བྱུང་ཞིང་ནད་དུག་འགྱུར་ལྡོག་མང་བ་རེད། ངས་ཐེངས་འདིའི་གླེང་སྟེགས་གྲོས་ཚོགས་ཀྱིས་གོ་ལ་ཧྲིལ་པོའི་རིམས་འགོག་སྨན་ཁབ་དྲང་སྙོམས་ཡོང་བར་གོམ་སྟབས་གསར་པ་སྤོ་ཐུབ་པ་དང་། འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་བར་མཐུན་སྒྲིལ་དང་མཉམ་ལས་བྱེད་པར་སྒུལ་ཤུགས་གསར་པ་སྣོན་པ། མིའི་རིགས་སྔ་ཙམ་རིམས་ནད་ལས་རྣམ་པར་རྒྱལ་བར་བྱས་རྗེས་གསར་པ་འཇོག་ཐུབ་པ་བཅས་ལ་རེ་སྒུག་བྱེད་ཀྱི་ཡོད།
      ཞི་ཅིན་ཕིང་གིས་ནན་གསུང་གནང་དོན། ཀྲུང་གོས་ཐོག་མཐའ་བར་གསུམ་དུ་མིའི་རིགས་ཀྱི་འཕྲོད་བསྟེན་དང་བདེ་ཐང་གི་ཐུན་མོང་ཚོགས་པའི་འདུ་ཤེས་རྒྱུན་འཁྱོངས་བྱས་ཏེ་འཛམ་གླིང་དང་ལྷག་པར་དུ་རྒྱ་ཆེའི་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ལ་རིམས་འགོག་སྨན་ཁབ་མཁོ་འདོན་བྱས་ནས་མཉམ་ལས་ཐོན་སྐྱེད་ཧུར་ཐག་བྱེད་ཀྱི་ཡོད། འདི་ནི་གོ་ལ་ཧྲིལ་བོའི་སྤྱི་སྤྱོད་ཐོན་རྫས་ཡིན་པའི་རིམས་འགོག་སྨན་ཁབ་ལ་ཡོད་དགོས་པའི་ནང་དོན་དང་གནས་ལུགས་རེད། ཀྲུང་གོས་མུ་མཐུད་དུ་རང་གི་ནུས་པ་ཡོད་ཚད་བཏོན་ནས་རྒྱ་ཆེའི་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཀྱིས་རིམས་ནད་ལ་ཁ་གཏད་འཇལ་བར་རོགས་རམ་བྱེད་རྒྱུ་ཡིན། ད་ལོའི་ལོ་ཧྲིལ་བོར་ཀྲུང་གོས་གོ་ལ་ཧྲིལ་བོར་རིམས་འགོག་སྨན་ཁབ་དུང་ཕྱུར་20འདོན་སྤྲོད་གང་ཐུབ་བྱེད་རྒྱུ་ཡིན། ཀྲུང་གོས་“ཏོག་གསར་གློ་ཚད་རིམས་འགོག་སྨན་ཁབ་ལག་བསྟར་འཆར་གཞི”ལ་ཨ་སྒོར་དུང་ཕྱུར་1ཞལ་འདེབས་སུ་ཕུལ་ནས་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ལ་རིམས་འགོག་སྨན་ཁབ་བགོ་བཤའ་རྒྱག་པར་སྤྱོད་རྒྱུའི་ཐག་བཅད་པ་ཡིན། ང་ཚོས་རྒྱལ་སྤྱིའི་སྤྱི་ཚོགས་དང་མཉམ་དུ་རིམས་འགོག་སྨན་ཁབ་ཐད་ཀྱི་རྒྱལ་སྤྱིའི་མཉམ་ལས་འཕེལ་རིམ་ལ་སྐུལ་འདེད་བཏང་ནས་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་འདུས་གྲུབ་གཏོད་རྒྱུར་སྐུལ་འདེད་གཏོང་འདོད་ཡོད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1