གཙོ་ངོས།>> ཁྲིམས་ལུགས།>>ཁྲིམས་ལུགས་ཤེས་བྱ།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།མཚོ་སྔོན་ཁྲིམས་ལུགས་ཚགས་པར། སྤེལ་དུས། ༢༠༢༡ལོའི་ཟླ་བ་༠༨ཚེས་༡༠ཉིན།

༄༅།། དགེ་རྒན་གྱིས་གང་འདོད་དུ་ནར་མ་སོན་པའི་སློབ་མར་ལུས་ཆད་དང་སྡིགས་དམོད་བྱ་ཆོག་གམ།


གྱོད་དཔེ།
        ཉིན་ཞིག་སློབ་ཁྲིད་བྱེད་པའི་སྐབས་སུ། སློབ་གྲོགས་ཚེ་ཐར་དང་ཁོའི་འདུག་རོགས་གཉིས་ཀས་ནན་ཏན་གྱིས་སློབ་ཁྲིད་ལ་མ་ཉན་པར་སྐད་དམའ་མོས་ཁ་བརྡ་བྱེད་བཞིན་པ་དགེ་རྒན་གྱིས་མཐོང་བྱུང་བས། དགེ་རྒན་ཁོང་ཁྲོ་ལངས་ཏེ་དབྱུག་པས་ཁོ་གཉིས་ལ་གཅར་རྡུང་བྱས། སློབ་གྲོགས་ཚེ་ཐར་ཧ་ཅང་མ་དགའ་བའི་རྣམ་འགྱུར་གྱིས་ཕྱིར་དགེ་རྒན་ལ་ཚིག་ལན་འགའ་སློག་པ་ན། མེ་ཐོག་ལ་མར་ཞེས་པ་ལྟར་དགེ་རྒན་ལྷག་ཏུ་ཁྲོས་ཏེ་ཚིག་རྩུབ་མོས་ཚེ་ཐར་ལ་སྡིགས་དམོད་མང་པོ་བྱས་པར་མ་ཟད། འགྲམ་ལྕག་ཅིག་ཀྱང་གཞུས། དེས་ན་དགེ་རྒན་གྱིས་གང་འདོད་དུ་ནར་མ་སོན་པའི་སློབ་མར་ལུས་ཆད་དང་སྡིགས་དམོད་བྱ་ཆོག་གམ། །

ཕྲན་དཔྱད།
        གྱོད་གཞི་འདི་གཙོ་བོ་དགེ་རྒན་གྱིས་ནར་མ་སོན་པའི་སློབ་མར་ལུས་ཆད་དང་སྡིགས་དམོད་བྱས་པའི་བཅའ་ཁྲིམས་གནད་དོན་ལ་འབྲེལ་བ་ཡོད། དགེ་རྒན་གྱིས་གང་འདོད་དུ་ནར་མ་སོན་པའི་སློབ་མར་ལུས་ཆད་དང་སྡིགས་དམོད་བྱ་མི་ཆོག “བོང་བུ་མི་འགྲོ་ན་དབྱུག་པ”ཞེས་པ་སོགས་ཀྱི་ལྟ་བ་ད་དུང་གནས་པའི་རྐྱེན་གྱིས་ལུས་ཆད་ནི་རང་རྒྱལ་གྱི་ས་ཆ་མང་ཤས་ན་རྒྱུན་འབྱམས་ཀྱིས་བེད་སྤྱོད་བྱེད་བཞིན་འདུག ལུས་ཆད་དང་སྡིགས་དམོད་སོགས་ཀྱི་རྣམ་པས་ནར་མ་སོན་པའི་མིར་སློབ་གསོ་གཏང་ཚེ། བྱིས་པའི་ཁེ་དབང་དང་ཐོབ་ཐང་ལ་གནོད་སྐྱོན་ཚབས་ཆེན་བཏང་བ་ཡིན་ལ། བྱིས་པའི་ལུས་ཕུང་དང་སེམས་ཁམས་ལའང་གནོད་སྐྱོན་བཟོ་སྲིད་པས། སློབ་གསོ་ཡི་ནུས་པ་མ་ཐོན་པར། དེ་ལས་ལྡོག་སྟེ་ནར་མ་སོན་པའི་མིའི་མ་འོངས་པའི་འཚར་ལོངས་ལ་བར་ཆད་དང་ཤུགས་རྐྱེན་ངན་པ་ཐེབས་སྲིད། དེ་བས། རང་རྒྱལ་བཅའ་ཁྲིམས་ཀྱིས་སློབ་མར་ལུས་ཆད་དང་སྡིགས་དམོད་བྱེད་པ་གཏན་འགོག་བྱེད་བཞིན་ཡོད།
        《 ནར་མ་སོན་པའི་མིའི་སྲུང་སྐྱོང་བཅའ་ཁྲིམས།》ཀྱི་དོན་ཚན21པའི་གཏན་ཁེལ་ལྟར་ན། སློབ་གྲྭ་དང་བྱིས་གཉོར་ཁང་གི་དགེ་བཟོ་པས་ནར་མ་སོན་པའི་མིའི་ 《 འོས་འགན་སློབ་གསོའི་བཅའ་ཁྲིམས།》ཀྱི་དོན་ཚན29པ་དང《སློབ་གྲྭ་ཆུང་འབྲིང་གི་འཛིན་བདག་གི་བྱ་བའི་གཏན་ཁེལ།》གྱི་དོན་ཚན16པར། དགེ་རྒན་གྱིས་སློབ་གསོ་སློབ་ཁྲིད་ཁྲོད་འདྲ་མཉམ་ངང་ཕྱོགས་རིས་མེད་པར་སློབ་མ་རེ་རེའི་ཁྱད་པར་ལ་མཉམ་འཇོག་བྱས་ཏེ་གང་ལ་གང་འཚམ་གྱིས་སློབ་ཁྲིད་བྱས་ཏེ། སློབ་མ་འཕེལ་རྒྱས་ལ་སྐུལ་འདེད་གཏང་འོས། དགེ་རྒན་གྱིས་སློབ་མའི་མི་ལུས་ཐོབ་ཐང་ལ་བརྩི་འཇོག་བྱེད་པ་ལས་སློབ་མར་མཐོང་ཆུང་བྱ་མི་ཆོག་ལ། སློབ་མར་ལུས་ཆད་དང་རྣམ་པ་འགྱུར་བའི་ལུས་ཆད། ཡང་ན་གཞན་པའི་མི་ལུས་ཐོབ་ཐང་ལ་དམའ་འབེབས་བྱེད་པའི་བྱ་སྤྱོད་ལག་བསྟར་བྱ་མི་ཆོག་པར་མ་ཟད། སློབ་མའི་ཁྲིམས་མཐུན་ཁེ་དབང་ལ་གནོད་སྐྱོན་ཡང་བཟོ་མི་ཆོག འཛིན་བདག་ལ་དུས་རྒྱུན་གྱི་སློབ་གསོ་སློབ་ཁྲིད་དོ་དམ་ཁྲོད་འོས་འཚམ་གྱི་བྱེད་ཐབས་བེད་སྤྱད་ནས་སློབ་མར་སྐྱོན་བརྗོད་སློབ་གསོ་བྱེད་པའི་ཁེ་དབང་ཡོད།
        དགེ་རྒན་གྱིས་དྲག་སྤྱོད་ཀྱི་བྱེད་ཐབས་བཀོལ་ནས་ནར་མ་སོན་པའི་སློབ་མར་ཆད་པ་བཅད་དེ་སློབ་མའི་ལུས་ཕུང་བདེ་ཐང་ལ་གནོད་སྐྱོན་བཟོས་ཚེ། ནར་མ་སོན་པའི་མི་བདེ་ཐང་ངང་འཚར་ལོངས་བྱུང་བར་མི་ཕན། དགེ་རྒན་གྱིས་སློབ་མར་ལུས་ཆད་དང་རྣམ་པ་འགྱུར་བའི་ལུས་ཆད་བཅད་ཚེ། མི་འདྲ་བའི་གནས་ཚུལ་ལ་གཞིགས་ནས་དགེ་རྒན་ལ་མི་འདྲ་བའི་ཆད་པ་གཅད་དགོས།

གཅིག དགེ་རྒན་གྱིས་མཚམས་ལན་རེར་ནར་མ་སོན་པའི་སློབ་མར་ཆད་པ་ཡང་མོ་བཅད་ཚེ། དེ་ནི་ཁྲིམས་འགལ་གྱི་བྱ་སྤྱོད་མིན་པས་སློབ་གྲྭ་ཡིས་དགེ་རྒན་ལ་སྐྱོན་བརྗོད་སློབ་གསོ་གཏང་དགོས།
གཉིས། དགེ་རྒན་གྱིས་ནར་མ་སོན་པའི་སློབ་མར་ལུས་ཆད་དམ་རྣམ་པ་འགྱུར་བའི་ལུས་ཆད་བཅད་ལ། དེར་སློབ་གསོ་བཏང་ཡང་བཅོས་བསྒྱུར་མི་བྱེད་པར་གནས་ཚུལ་ཚབས་ཆེན་ཡིན་ན། སློབ་གྲྭའམ་ཡང་ན་རྫོང་རིམ་པ་ཡན་གྱི་མི་དམངས་སྲིད་གཞུང་གི་སློབ་གསོ་སྲིད་འཛིན་སྡེ་ཁག་གིས་སྲིད་འཛིན་ཆད་པ་གཅོད་པ་དང་ཡང་ན་སྤྱི་བདེ་ལས་ཁུངས་ཀྱིས་སྲིད་འཛིན་ཆད་པ་གཅད་དགོས། ཤུགས་རྐྱེན་ངན་པ་བཞག་ཚེ། དགེ་རྒན་གྱི་ཐོབ་ཐང་ལེན་དགོས།
གསུམ། དགེ་རྒན་གྱིས་ནར་མ་སོན་པའི་སློབ་མར་ལུས་ཆད་བཅད་དེ་མཇུག་འབྲས་ཚབས་ཆེན་བཟོས་ནས་ནག་ཉེས་གྲུབ་ཡོད་ཚེ། ཉེས་དོན་འགན་འཁྲི་བདའ་འདེད་བྱ་དགོས།
བཞི། དགེ་རྒན་གྱིས་ནར་མ་སོན་པའི་སློབ་མར་ལུས་ཆད་བཅད་དེ་རྨས་སྐྱོན་བཟོས་ཚེ། སྐྱིན་ཚབ་ཀྱི་འགན་འཁྲི་འཁུར་འོས་ཤིང་། དགེ་རྒན་ནི་སློབ་གྲྭའི་ཚབ་བྱས་ཏེ་སློབ་མར་སློབ་གསོ་དོ་དམ་བྱེད་མཁན་ཡིན་པས་སློབ་གྲྭས་དགེ་རྒན་གྱི་བྱ་སྤྱོད་ལ་འགན་འཁྲི་འཁུར་འོས། དེ་བས། དགེ་རྒན་གྱིས་སློབ་མར་ལུས་ཆད་བཅད་ནས་རྨས་སྐྱོན་བཟོས་ཚེ། སློབ་གྲྭས་ཀྱང་སྐྱིན་ཚབ་ཀྱི་འགན་འཁྲི་འཁུར་འོས།
        གྱོད་གཞི་འདིའི་ཁྲོད། དགེ་རྒན་གྱི་བྱ་སྤྱོད་ནི་ནོར་འཁྲུལ་ཡིན། དགེ་རྒན་ལ་སློབ་མར་ལུས་ཆད་དང་སྡིགས་དམོད་བྱེད་པའི་དབང་ཆ་མེད། སློབ་མའི་བྱ་སྤྱོད་མི་ལེགས་པའི་སྐབས་སུ་ཕན་ནུས་ཡོད་ལ་ནར་མ་སོན་པའི་མིའི་མི་ལུས་ཐོབ་ཐང་ལ་གནོད་སྐྱོན་མི་བཟོ་བའི་བྱེད་ཐབས་བེད་སྤྱད་ནས་སློབ་གསོ་གཏང་འོས། ། 

(ཡོང་ཁུངས། མཚོ་སྔོན་ཁྲིམས་ལུགས་ཚགས་པར།)

39.7K

ཐག་རག་ཡིག་བསྒྱུར་མ་ལག

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1