བོད་ལྗོངས་ས་མཐོའི་འཁྱག་གཏོང་དངོས་ཟོག་འགྲོ་རྒྱུགས་ས་ཚིགས།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ཀྲུང་གོའི་བོད་ལྗོངས་དྲ་བ། སྤེལ་དུས། 08-12



 
          ཉིན་ཤས་གོང་། བོད་ལྗོངས་ས་མཐོའི་འཁྱག་གཏོང་དངོས་ཟོག་འགྲོ་རྒྱུག་ས་ཚིགས་དེ་གཟབ་རྒྱས་ངང་ལས་གཉེར་བྱེད་འགོ་བརྩམས་ཤིང་། མིག་སྔར་དངོས་ཟོག་འགྲོ་རྒྱུག་གླིང་ཁུལ་གྱི་ཚོང་ཁང་དང་ཉོ་ཚོང་ཁུལ་དུ་ཚོང་འགུག་བྱེད་ཚད90%ཟིན་ཡོད་པ་རེད། ལས་གཉེར་བྱེད་འགོ་ཚུགས་རྗེས་སུ་རྣམ་གྲངས་དེ་བོད་རང་སྐྱོང་ལྗོངས་ཀྱི་འཁྱག་གཏོང་ཁྲོམ་ར་ཆེ་ཤོས་དང་ཆེད་ལས་ཅན་ཞིག་ཏུ་གྱུར་ནས།  ལྗོངས་ཡོངས་ཀྱི“ཤ་ཚལ་སྒོང་གསུམ”གྱི་སྤུས་ཚད་དང་ཕན་འབྲས་མཐོ་རུ་གཏོང་རྒྱུ་རེད།
          བོད་ལྗོངས་ས་མཐོའི་འཁྱགས་གཏོང་དངོས་ཟོག་འགྲོ་རྒྱུག་ས་ཚིགས་དེ་སྟོད་ལུང་བདེ་ཆེན་ཁུལ་གྱི་བཟོ་ལས་གླིང་གིBཁུལ་དུ་གནས་ཤིང་། འཛུགས་སྐྲུན་གྱི་སྤྱིའི་རྒྱ་ཁྱོན་ལ་སྨི་གྲུ་བཞི་མ་ཁྲི8ཟིན་པ་དང་ཁྱོན་བསྡོམས་མ་དངུལ་སྒོར་དུང་ཕྱུར5བཏང་ཡོད། རྣམ་གྲངས་འཛུགས་སྐྲུན་གྱི་ནང་དོན་གཙོ་བོ་ནི།
          ཚད་གཞི་མཐོ་བའི་རིམ་པ་བཞི་ཅན་གྱི་གྲང་མཛོད་ཐོག་ཁང་གཉིས་དང་། ཟས་རིགས་ལས་སྣོན་ཁུལ། མཛོད་ཉར་ཟོག་འགྲེམས། གློག་རྡུལ་ཚོང་དོན་ལས་སྟེགས། རིག་ནུས་ཟོག་འགྲེམས་གླིང་། སྤྱིའི་ཐབ་ཚང་དང་ཟས་རིགས་སྡེབ་སྐྱེལ་ལྟེ་གནས། དེ་བཞིན་གཞུང་ལས་ཁང་དང་། ཉལ་ཁང་། བཟའ་བཏུང་། སྒྲིག་ཆས་ཁང་། རླངས་འཁོར་འཇོག་ས། ཚོང་ཟོག་འཁོར་ལོའི་རིགས་ཀྱི་མི་སྣའི་འགྲིམ་འགྲུལ་འཁོར་ལམ་བགོ་བཤའ་སོགས་འགྲིམ་འགྲུལ་ས་ཁོངས་དང་སྒྲིག་བཀོད་ཆ་ཚང་བཅས་འདུས་ཡོད།

          རྒྱུས་ལོན་བྱུང་བ་ལྟར་ན། བོད་ལྗོངས་ས་མཐོའི་འཁྱག་གཏོང་དངོས་ཟོག་འགྲོ་རྒྱུག་ས་ཚིགས་ཀྱི་མ་ལག་གིས་ཉེན་བརྡ་གཏོང་བ་དང་དྲོད་ཚད་ཚོད་འཛིན་བྱེད་སྐབས་སུ་རང་འགུལ་ངང་མ་ལག་ལ་ཚོད་འཛིན་བྱེད་བཞིན་ཡོད་ལ།  དམིགས་བསལ་གྱི་གནས་ཚུལ་བྱུང་སྐབས་སུ་མིས་བྱས་བེད་སྤྱོད་བྱ་ཆོག  འཁྱག་གཏོང་ཁང་དང་གྲང་ཉར་ཁང་སོ་སོའི་སྒྲིག་ཆས་ཚད་གྲངས་དང་མཛོད་ཁང་གི་དྲོད་ཚད་གཞི་གྲངས་བཅས་དཀྱིལ་སྙིང་ཕྱོགས་བསྡུས་ཚོད་འཛིན་ལྟེ་གནས་སུ་གཅིག་སྡུད་བྱས་ཏེ།  གཞི་གྲངས་གལ་ཆེན་ད་དུང་སྒྲིག་ཆས་བཟོ་གྲྭར་རྒྱང་ཐག་རིང་པོ་ནས་བརྒྱུད་སྤྲོད་བྱས་ཆོག དུས་མཚུངས་སུ་དངོས་པོའི་དྲ་སྦྲེལ་ཚོང་རའི་ཆ་འཕྲིན་གྱི་སྤྱི་པའི་སྤེལ་རེས་ལས་སྟེགས་དང་མཛོད་ཉར་ཆ་འཕྲིན་དོ་དམ་ལས་སྟེགས་བཙུགས་ཡོད།

          བོད་ལྗོངས་ས་མཐོའི་འཁྱག་གཏོང་དངོས་ཟོག་འགྲེམ་རྒྱུག་ས་ཚིགས་ཀྱི་གྲང་ཉར་ཐོན་རྫས་ནང་ཞིང་ཞོར་ཐོན་རྫས་དང་། ཕྱུགས་ལས་ཐོན་རྫས། ཆུ་ཐོན་དངོས་རྫས། འབྲུ་སྣུམ་སྐམ་པོ། ཤིང་འབྲས་དང་སྔོ་ཚལ། འོ་མའི་ཐོན་རྫས་སོགས་ཚུད་ཡོད། རྒྱལ་ནང་གི་སྔོན་ཐོན་འཁྱག་གཏོང་གི་ཇུས་འགོད་ཚད་གཞི་སྤྱད་དེ་དྲོད་ཚད་མཐོ་བའི་མཛོད་ཀྱི་དྲོད་ཚད་ཁྱབ་ཁོངས་ནི0ནས12℃བར་ཡིན་པ་དང་། དྲོད་ཚད་དམའ་བའི་མཛོད་ཀྱི་དྲོད་ཚད་ཁྱབ་ཁོངས་ནི-18℃ནས-23℃བར་ཡིན་པས་དྲོད་ཁུལ་ཡོངས་ཀྱི་ཚོང་ཟོག་མི་འདྲ་བ་གྲང་ཉར་བྱེད་ཆོག་པའི་ཆ་རྐྱེན་འཛོམས་ཡོད། ཤ་རིགས་ཀྱི་གྲང་ཉར་དྲོད་ཚད-20℃ཡས་མས་ཡིན་པ་དང་ཤིང་འབྲས་དང་སྔོ་ཚལ་གྱི་དྲོད་ཚད0-12℃ཙམ་ཡིན་ལ། དུས་མཚུངས་སུ་ཤིང་འབྲས་དང་སྔོ་ཚལ་གསོག་ཉར་ཐད་ད་དུང་བརླན་ཚད་ངེས་ཅན་ཞིག་རྒྱུན་འཁྱོངས་བྱེད་དགོས་ཀྱིན་ཡོད། གྲང་མཛོད་ཀྱི་དྲོད་ཚད་ནི་གསོག་ཉར་བྱས་པའི་དངོས་ཟོག་གི་དགོས་མཁོ་ལྟར་ཁུལ་སྙོམ་སྒྲིག་བྱ་ཆོག དྲོད་ཚད་དམའ་བའི་གྲང་ཉར་ཁང་གི་ཟས་རིགས་ཀྱི་བྲོ་བ་ཞིམ་ལ་གསར་བ་ཡིན་པར་ཁག་ཐེག་བྱེད་ཐུབ།

          རྣམ་གྲངས་འདིའི་འཁོར་སྐྱོད་ཐད་ནས་གནད་ཁེལ་དབུལ་སྐྱོར་གྱི་ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང་དབུལ་པོ150ལ་དམིགས་ནས་ས་གནས་དེ་གའི་ཐེམ་ཐོར་ལས་གནས500ཙམ་མཁོ་འདོན་བྱ་ཆོག བོད་ལྗོངས་སྟོད་ལུང་བདེ་ཆེན་ཁུལ་གྱི་ས་གཙང་འཁྱག་གཏོང་ཚད་ཡོད་ཀུང་སིའི་འགན་འཁུར་བས་མཚམས་སྦྱོར་བྱས་པ་ལྟར་ན། དངོས་ཟོག་འགྲེམ་རྒྱུག་ས་ཚིགས་དེ་བོད་ལྗོངས་མི་དམངས་ལ་མཚོན་ན“གྲོང་ཁྱེར་གྱི་འཁྱགས་སྒམ”ཆེན་པོ་ཞིག་ཏུ་འགྱུར་རྒྱུ་མ་ཟད། བོད་ལྗོངས་མི་དམངས་ལ་གསར་པ་དང་། བདེ་ཐང་། ལྗང་མདོག  སྤུས་ལེགས། བློ་བདེ་བཅས་ཡིན་པའི་བཟའ་བཅའི་རྒྱུ་ཆ་མཁོ་འདོན་བྱས་ནས་བོད་ལྗོངས་མི་དམངས་ཀྱི་གསོལ་ཅོག་རིག་གནས་ཕུན་སུམ་ཚོགས་པོར་གཏོང་རྒྱུ་དང་། བཟའ་བཅའི་རྒྱུ་ཆ“གསར་པ”སྔར་བས་ལེགས་པ་མཁོ་འདོན་བྱས་ནས་ཟས་ཞིམ་པོ་མཉམ་དུ་ལོངས་སུ་སྤྱོད་པར་བྱ་རྒྱུ་དེ་རེད་ཟེར།

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1