མཚོ་སྔོན་དུ་སླར་ཡང་གནའ་བོའི་འཁྱགས་ཀླུང་གི་རྗེས་ཤུལ་རྙེད་པ།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས། སྤེལ་དུས། 08-17



    མ་བཅོས་ལྷུན་གྱིས་གྲུབ་པའི་གྲོག་རོང་དང་བྲག་རྡོ། གནའ་བོའི་འཁྱགས་ཀླུང་གི་རྗེས་ཤུལ་སོགས་མཛེས་ལྗོངས་ལྟ་ན་སྡུག ཉིན་ཤས་གོང་གསར་འགོད་པས་ཞིང་ཆེན་ས་གཤིས་བརྟག་ཞིབ་ཁང་ནས་ཤེས་རྟོགས་བྱུང་བར་གཞིགས་ན། བརྟག་དཔྱད་ཞིབ་ཕྲ་བྱས་པ་བརྒྱུད་མཚོ་སྔོན་ཞིང་ཆེན་དགོན་ལུང་རྫོང་ཀླུ་རྒྱལ་རི་བོའི་ཁུལ་དུ་སྐྱེ་ཁམས་ཡུལ་སྐོར་དང་། ཡུལ་སྐོར་སྤྲོ་གསེང་། ཚན་རིག་ཞིབ་འཇུག ཚན་རིག་ཁྱབ་གདལ་ཞིབ་འཇུག་སློབ་སྦྱོང་བཅས་གཞི་གཅིག་ཅན་གྱི་ཡུལ་སྐོར་ས་གཤིས་ཐོན་ཁུངས་ཁུལ་ཡོད།
     ཤེས་རྟོགས་བྱུང་བར་གཞིགས་ན། ཞིང་ཆེན་ས་གཤིས་བརྟག་ཞིབ་ཁང་གིས་རྒྱ་ཁྱོན་སྟོང་སྨི་གྲུ་བཞི་མ་142ཡོད་པའི་གཅིག་འདུས་ཁུལ་དུ་ཆེད་ལས་བརྟག་དཔྱད་བྱེད་སྐབས། ས་གཤིས་གནའ་ཤུལ་ཁག་40ལྷག་གསར་རྙེད་བྱུང་ཡོད་པ་དང་། ཀྲུང་གོ་ས་གཤིས་བརྟག་དཔྱད་ཅུས་ཀྱི་《ས་གཤིས་གནའ་ཤུལ་བརྟག་དཔྱད་ཚད་གཞི་》གཞིར་བཟུང་ནས། གསར་རྙེད་དེ་དག་རིགས་ཆེ་བ་གསུམ་དང་འབྲིང་བ་4 ཆུང་བ་8ལ་དབྱེ་ཡོད། དེའི་ནང་མཐོ་གྲང་ཞུན་བྲག་ས་དབྱིབས་དང་། གནའ་བོའི་འཁྱགས་ཀླུང་རྗེས་ཤུལ། རྦབ་ཆུ། གྲོག་རོང་ས་དབྱིབས། གཙང་པོའི་མཛེས་ལྗོངས་ཁུལ། ལྟེབ་གཉེར་སོགས་ས་གཤིས་རྗེས་ཤུལ་རིགས་མང་པོ་འདུས་ཡོད།
    ཞིང་ཆེན་ས་གཤིས་བརྟག་ཞིབ་ཁང་གི་ལས་དོན་མི་སྣས་གསར་འགོད་པར། ཀླུ་རྒྱལ་རི་བོའི་ས་གཤིས་རྗེས་ཤུལ་གཅིག་འདུས་ཁུལ་གྱི་ས་གཤིས་རྗེས་ཤུལ་ཐོན་ཁུངས་སྣ་ཚོགས་སུ་ལོ་ངོ་དུང་ཕྱུར་བཅུ་ཕྲག་ལྷག་གོང་ནས་ད་ལྟའི་བར་གྱི་ས་དེའི་སའི་གོ་ལར་རིམ་འགྱུར་བྱུང་བའི་རྗེས་ཤུལ་གསལ་པོར་འདུག་པས། མཚོ་བོད་ས་མཐོ་ཡར་འཕགས་པ་དང་དེའི་གནམ་གཤིས་ཁོར་ཡུག་གི་དོན་རྐྱེན། དེང་རབས་ས་དབྱིབས་ཆགས་ཚུལ་སོགས་ལ་ཞིབ་འཇུག་བྱེད་པར་ཚན་རིག་གི་དཔྱད་གཞི་རྩ་ཆེན་ཡིན་ལ། ཚན་རིག་ཁྱབ་གདལ་གཏོང་བའི་ཐད་ཞིབ་འཇུག་བྱེད་པར་རིན་ཐང་ཆེན་པོ་ལྡན་ཡོད། ཀླུ་རྒྱལ་རི་བོའི་ས་གཤིས་རྗེས་ཤུལ་གཅིག་འདུས་ཁུལ་ནི་གདོད་མའི་རྣམ་པར་གནས་ཤིང་མིའི་རིགས་ཀྱི་ཤུགས་རྐྱེན་ཆེན་པོ་ཐེབས་མེད་པས་གདོད་མའི་རྣམ་པའི་ཡུལ་ལྗོངས་དང་སྐྱེ་ཁམས་མ་ལག་ཅུང་ཆ་ཚང་བ་ཞིག་ཡིན། དེ་ཡུལ་སྐོར་སྤྲོ་གསེང་དང་སྐྱེ་ཁམས་ཉམས་ལེན་ཐད་རིན་ཐང་ལྡན་པས། སྲུང་སྐྱོང་སྒོས་སྒོ་འབྱེད་དང་བེད་སྤྱོད་གང་འཚམ་བྱས་ན་སྐྱེ་ཁམས་ཡུལ་སྐོར་འཕེལ་རྒྱས་གཏོང་བ་དང་ཡུལ་སྐོར་ཞིབ་འཇུག་དང་སློབ་སྦྱོང་བྱེད་པའི་ཐད་མདུན་ལམ་རྒྱ་ཆེན་པོ་ཡོད། རྒྱལ་ཁབ་ཀྱི་སྲིད་ཇུས་དང་ས་གནས་ཀྱི་དགོས་མཁོ་ལྟར་ས་གནས་དེ་གའི་རིག་གནས་ཐོན་ཁུངས་དང་། ས་གནས་ཀྱི་ཁྱད་ལྡན་ཐོན་ལས། ས་བབ་ཀྱི་ལེགས་ཆ་སོགས་སྐྱེ་ཁམས་ཡུལ་སྐོར་ཉམས་ལེན་ཁུལ་དང་། ས་གཤིས་སྤྱི་གླིང་། ཕྱི་རོལ་གྱི་ཚན་རིག་ཁྱབ་གདལ་ཞིབ་འཇུག་སློབ་སྦྱོང་རྟེན་གཞི་སོགས་སུ་བསྐྲུན་ནས་རི་ཀླུང་གཙང་མ་ནི་གསེར་རི་དངུལ་རི་ཡིན་པའི་རིན་ཐང་སྔོག་འདོན་གང་ལེགས་བྱས་ཏེ་ཉེ་འཁོར་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་མཐུན་རྐྱེན་དུ་འགྲོ་ཐུབ་པ་བྱེད་དགོས་ཞེས་བརྗོད་པ་རེད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1