《དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་གྱི་ས་མིང་རིག་གནས་འགྲེལ་བཤད》ཀྱི་རྩོམ་སྒྲིག་བཞུགས་མོལ་ཚོགས་འདུ་འཚོགས་པ།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ཁམས་པའི་དྲ་བ། སྤེལ་དུས། 08-20


        ས་མིང་གིས་ས་ཁོངས་ངེས་ཅན་གྱི་གཞི་ཁྱོན་ཙམ་མཚོན་པ་མ་ཡིན་པར། ས་གནས་ཤིག་གི་ལོ་རྒྱུས་དང་རིག་གནས་སོགས་ཞིབ་འཇུག་བྱེད་པར་དོན་སྙིང་གལ་ཆེ་ལྡན་ཞིང་། མི་དམངས་ཀྱི་དུས་རྒྱུན་གྱི་འཚོ་བ་དང་ཁ་བྲལ་ཐབས་མེད། མཉམ་འབྲེལ་རྒྱལ་ཚོགས་ཀྱིས་ས་མིང་ཚད་ལྡན་སྤྱོད་པའི་སྐབས་དགུ་པའི་ཚོགས་འདུ་དང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ས་མིང་ཆེད་མཁས་ཚོགས་པའི་ཚོགས་འདུ་ཐོག་ས་མིང་ནི་དངོས་མིན་རིག་གནས་ཤུལ་བཞག་གི་གྲས་སུ་འཇོག་པ་དང་། རང་རྒྱལ་གྱི་ཏང་དང་རྒྱལ་ཁབ་ཀྱི་དབུ་ཁྲིད་རྣམས་ཀྱིས་ས་མིང་དང་དངོས་མིན་རིག་གནས་ཤུལ་བཞག་སྐོར་མཐོང་ཆེན་དང་གསུང་བཤད་གལ་ཆེ་གནངས་ཡོད།

        སྤྱི་ཟླ8པའི་ཚེས18ཉིན། དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་བོད་རིག་པ་ཞིབ་འཇུག་ཁང་དང་སྡེ་དགེ་རྫོང་ཨུའི་འཐབ་ཕྱོགས་གཅིག་གྱུར་པུའུ་ཡིས《དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་གྱི་ས་མིང་རིག་གནས་འགྲེལ་བཤད།》༼སྡེ་དགེའི་ཆེད་དེབ་༽ཀྱི་རྩོམ་སྒྲིག་བཞུགས་མོལ་ཚོགས་འདུ་སྡེ་དགེ་རྫོང་དུ་ཚོགས། སྡེ་དགེ་རྫོང་མི་རིགས་ཆོས་ལུགས་ཅུས་ཀྱི་ཅུས་ཀྲང་བསོད་ནམས་ཆོས་འཕེལ་གྱིས་ཚོགས་འདུ་གཙོ་སྐྱོང་བྱས་པ་དང་། སྡེ་དགེ་རྫོང་སྲིད་གྲོས་དང་སྡེ་དགེ་རྫོང་ཆོས་ལུགས་ཅུས། སྡེ་དགེ་རྫོང་དགོན་ཆེན་དགོན་དོ་དམ་ཨུ་ཡོན་ལྷན་ཁང་། སྡེ་དགེ་རྫོང་སློབ་འབྲིང་། སྡེ་དགེ་རྫོང་རིག་དངོས་དོ་དམ་ཅུས་སོགས་འབྲེལ་ཡོད་ཆེད་མཁས་མི་སྣ་རྣམས་ཚོགས་འདུར་ཞུགས་པ་རེད།
        ཚོགས་ཐོག་ཏུ་དཀར་མཛེས་ཁུལ་བོད་རིག་པ་ཞིབ་འཇུག་ཁང་དང་ཁུལ་རྩོམ་སྒྱུར་ལྟེ་གནས་ཀྱི་རྩོམ་སྒྲིག་མི་སྣས་ཀྲུའུ་རེན་ལིའུ་ཁང་ཧྥེ་ཡིས་བཀའ་མངགས་ལྟར་སྡེ་དགེ་རྫོང་གི་ས་མིང་རིག་གནས་འགྲེལ་བཤད་ལས་དོན་གྱི་རྒྱབ་ལྗོངས་དང་རྩོམ་སྒྲིག་བརྒྱུད་རིམ། ལོ་རྒྱུས་དང་རིག་གནས་ཀྱི་རིན་ཐང་།དུས་རྒྱུན་འཚོ་བའི་ཐད་དོན་སྙིང་གལ་ཆེན་ལྡན་པའི་སྐོར་ལ་ངོ་སྤྲོད་བྱས།
        ཚོགས་ཐོག་ཏུ་སྡེ་དགེ་རྫོང་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་བསམ་གཏན། སྡེ་དགེ་རྫོང་སྲིད་གྲོས་ཀྱི་དྲུང་ཡིག་ཆེན་པོ་ཚང་བཀྲ། སྡེ་དགེ་རྫོང་འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་རྒྱུན་ལས་ཚེ་དབང་སྟོབས་ལྡན། ཆོས་ལུགས་ཅུས་ཀྱི་ཅུས་ཀྲང་གཞོན་པ་པ་སངས། སྡེ་དགེ་རྫོང་སློབ་འབྲིང་གི་བསོད་ནམས་ཡོན་ཏན། སྡེ་དགེ་རྫོང་རིག་དངོས་ཅུས་ཀྱི་ཅུས་ཀྲང་གཞོན་པ་བློ་གྲོས་རྣམ་རྒྱལ། སྡེ་དགེ་རྫོང་འཕྲིན་སྦྱོར་མཉམ་འདྲེས་ཀྱི་ཆོས་དབྱིངས་ནོར་བུ་སོགས་ཚོགས་ཞུགས་མི་སྣས་སྡེ་དགེ་རྫོང་གི་ས་མིང་རིག་གནས་འགྲེལ་བཤད་ཀྱི་ནང་དོན་ལ་དམིགས་ནས་ས་མིང་རིག་གནས་འགྲེལ་བཤད་སྐོར་ལ་རང་རང་གི་བསམ་ཚུལ་དང་བསམ་འཆར་གང་མང་བཏོན། ལྷག་པར་དུ་སྡེ་དགེའི་ས་མིང་གཅིག་གྱུར་དང་ས་མིང་ཡང་དག་བཟོ་བ་ནི་སྡེ་དགེའི་སྲིད་འབྱོར་རིག་གསུམ་གྱི་འཕེལ་རྒྱས་ལ་ནུས་པ་གལ་ཆེ་ལྡན་པའི་སྐོར་དང་དངོས་ཡོད་འཚོ་བའི་རིན་ཐང་གི་སྐོར་ལ་དགོངས་འཆར་ལྷུག་པོར་བསྩལ།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1