གཙོ་ངོས།>> གསར་འགྱུར།>>བོད་འབྲེལ་ས་ཁུལ།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ཤིན་ཧྭ་གསར་འགྱུར་ཁང་། སྤེལ་དུས། ༢༠༢༡ལོའི་ཟླ་བ་༠༨ཚེས་༢༠ཉིན།

བོད་ལྗོངས་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་ངོ་70འཁོར་བའི་རྟེན་འབྲེལ་ཚོགས་ཆེན་གཟབ་རྒྱས་ངང་འཚོགས་པ།


          ཝང་དབྱང་ཚོགས་ཆེན་ལ་ཞུགས་པ་དང་འབྲེལ་གསུང་བཤད་ཀྱང་གནང་བ་དང་། ཡིའུ་ཆོན་གྱིས་རྟེན་འབྲེལ་གློག་འཕྲིན་སྒྲོག་སྦྱངས་གནང་བ། པད་མ་འཕྲིན་ལས་དང་། ཀྲང་ཆིང་ལི། མེའོ་ཧྭ་བཅས་དང་སྐུ་ཚབ་ཚོགས་པའི་ཁོངས་མི་ཞུགས་པ།
          ཝུའུ་དབྱིང་ཅེ་དང་། ཝང་ཁའེ། མང་ཚོགས་ཀྱི་འཐུས་མི། བོད་སྐྱོར་ལས་བྱེད་པའི་འཐུས་མི་བཅས་ཀྱིས་གཏམ་བཤད་སྤེལ་བ། འཕགས་པ་ལྷ་དགེ་ལེགས་རྣམ་རྒྱལ་དང་། བློ་བཟང་རྒྱལ་མཚན། ཀྲོང་ཡན། ཡན་ཅིན་ཧའེ་བཅས་ཞུགས་པ། ཆེ་དགྲ་ལྷས་གཙོ་སྐྱོང་གནང་བ།
          ཟླ་8ཚེས་19ཉིན། བོད་ལྗོངས་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་ངོ་70འཁོར་བར་རྟེན་འབྲེལ་ཞུ་བའི་ཚོགས་ཆེན་ལྷ་སར་གཟབ་རྒྱས་ངང་འཚོགས་ཤིང་། འདི་ནི་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་དང་། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི། ཀྲུང་དབྱང་སྐུ་ཚབ་ཚོགས་པའི་ཚོགས་གཙོ་བཅས་ཡིན་པའི་ཝང་དབྱང་གིས་བོད་རང་སྐྱོང་ལྗོངས་དང་། བོད་ལྗོངས་དམག་ཁུལ་ཁང་། དྲག་ཆས་ཉེན་རྟོག་བོད་ལྗོངས་སྤྱི་ཁྱབ་རུ་ཁག བོད་རང་སྐྱོང་ལྗོངས་སྲིད་ཁྲིམས་ཁོངས་གཏོགས། ཀྲུང་གོ་ནང་བསྟན་མཐུན་ཚོགས་བོད་ལྗོངས་ཡན་ལག་མཐུན་ཚོགས་བཅས་སོ་སོར་ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་གིས་ཕྱག་བྲིས་ཕྱག་བསྟར་མ་གནང་བའི“མཛེས་སྡུག་དང་བདེ་སྐྱིད་ལྡན་པའི་བོད་ལྗོངས་འཛུགས་སྐྲུན་བྱས་ནས་ཐུན་མོང་ཐོག་བསྐྱར་དར་རླབས་པོ་ཆེའི་ཕུགས་འདུན་མངོན་འགྱུར་བྱེད་དགོས”ཞེས་པའི་རྟེན་འབྲེལ་སྒོ་བན་དང་རྟེན་འབྲེལ་གོས་དར་གནང་བའི་གནས་ཚུལ་ཡིན་པ།
          ལོ་ངོ་བདུན་ཅུའི་འཕོ་འགྱུར་ཆེ། དཔག་ཚད་ཁྲི་དགུར་གཤོག་རྩལ་ངོམ། ཚེས་19ཉིན་གྱི་སྔ་དྲོ། བོད་ལྗོངས་ཀྱི་མི་རིགས་ཁག་དང་ལས་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཁྲི་2ལྷག་ཙམ་ཕོ་བྲང་པོ་ཏ་ལའི་ཐང་ཆེན་དུ་དགའ་འཛོམས་ཀྱིས་བོད་ལྗོངས་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་ངོ་70འཁོར་བར་སྤྲོ་སེམས་འཁོལ་པོས་རྟེན་འབྲེལ་ཞུས་པ་རེད། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་གིས་སྒོ་བན་ཐོག“མཛེས་སྡུག་དང་བདེ་སྐྱིད་ལྡན་པའི་བོད་ལྗོངས་འཛུགས་སྐྲུན་བྱས་ནས་ཐུན་མོང་ཐོག་བསྐྱར་དར་རླབས་པོ་ཆེའི་ཕུགས་འདུན་མངོན་འགྱུར་བྱེད་དགོས”ཞེས་པའི་ཕྱག་བྲིས་ཕྱག་བསྟར་མ་གནང་བ་རེད། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་དང་། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི། ཀྲུང་དབྱང་སྐུ་ཚབ་ཚོགས་པའི་ཚོགས་གཙོ་བཅས་ཡིན་པའི་ཝང་དབྱང་རྟེན་འབྲེལ་ཚོགས་ཆེན་ལ་ཞུགས་པ་མ་ཟད་གསུང་བཤད་ཀྱང་གནང་བ་རེད།
          གནའ་གྲོང་ལྷ་སར་དར་ཚོན་ལྷབ་ལྷུབ་ཏུ་གཡོ་བ་དང་མེ་ཏོག་འདབ་བརྒྱ་རྣམ་པར་བཀྲ་ཞིང་། གང་སར་དགའ་སྟོན་རྟེན་འབྲེལ་གྱི་རྣམ་པས་ཁེངས། བརྗིད་ཆགས་པའི་ཕོ་བྲང་པོ་ཏ་ལའི་གཤམ་དུ། བོད་ལུགས་ཉམས་འགྱུར་ལྡན་པའི་ཚོགས་ཆེན་གྱི་ཀྲུའུ་ཞི་སྡིངས་ཆ་བརྒྱབ་ཡོད་ཅིང་། ཀྲུའུ་ཞི་སྡིངས་ཆའི་ཐོད་དུ། བརྗིད་ཉམས་ལྡན་པའི་རྒྱལ་རྟགས་དང“བོད་ལྗོངས་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་ངོ་70འཁོར་བར་རྟེན་འབྲེལ་ཞུ་བའི་ཚོགས་ཆེན”ཞེས་པའི་འཕྲེད་འགེལ་སྦྱར་ཡིག་ཧ་ཅང་མངོན་གསལ་དོད་པ་དང་། རྒྱབ་ལྗོངས་གྱང་ལྡེབས་སུ་རྟེན་འབྲེལ་ཆེ་མོའི་ཚོགས་རྟགས་དང་ཨང་ཀི“1951”དང“2021”བཀལ་ཞིང་། དར་ཆ་དམར་པོ་བཅུ་གཞོགས་གཉིས་སུ་བསྒྲིགས་ཡོད། ཀྲུའུ་ཞི་སྡིངས་ཆའི་ཁ་སྤྲོད་ཀྱི་ཕོ་བྲང་པོ་ཏ་ལའི་ཐང་ཆེན་དུ། ལུས་ལ་གཟབ་མཆོར་སྤྲས་པའི་ཕྱོགས་བཞི་མཚམས་བརྒྱད་ཀྱི་མི་རིགས་ཁག་གི་མང་ཚོགས་རྣམས་ཞོགས་པ་སྔ་པོ་ནས་དེ་གར་འཛོམས་ཏེ་རྒྱལ་དར་དང་མེ་ཏོག་གཡུག་བཞིན་དགའ་བདེའི་དཔལ་ལ་རོལ།
          སྔ་དྲོའི་ཆུ་ཚོད་10པར། བོད་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་ཀྲུའུ་ཞི་ཆེ་དགྲ་ལྷས་ཚོགས་ཆེན་འགོ་ཚུགས་པའི་ཁྱབ་བསྒྲགས་གནང་ཞིང་། ཚང་མ་ཡར་བཞེངས་པ་དང་རྒྱལ་གླུ་བཏང་ནས་དམར་མདངས་བཀྲ་བའི་སྐར་ལྔའི་དར་དམར་ཕོ་བྲང་པོ་ཏ་ལའི་ཐང་ཆེན་དུ་དལ་བུར་བསྒྲེངས་བ་རེད།
          ཀྲུང་གུང་ཀྲུང་དབྱང་ཧྲུའུ་ཅི་ཁྲུའི་ཧྲུའུ་ཅི་དང་། ཀྲུང་དབྱང་འཐབ་ཕྱོགས་གཅིག་གྱུར་པུའི་པུའུ་ཀྲང་། ཀྲུང་དབྱང་སྐུ་ཚབ་ཚོགས་པའི་ཚོགས་གཙོ་གཞོན་པ་བཅས་ཡིན་པའི་ཡིའུ་ཆོན་གྱིས་བོད་ལྗོངས་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་ངོ་70འཁོར་བར་རྟེན་འབྲེལ་ཞུ་བའི་སྐོར་གྱི་ཀྲུང་གུང་ཀྲུང་དབྱང་དང་། རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན། རྒྱལ་སྲིད་སྤྱི་ཁྱབ་ཁང་། རྒྱལ་ཡོངས་སྲིད་གྲོས། ཀྲུང་དབྱང་དམག་ཨུད་བཅས་ཀྱི་རྟེན་འབྲེལ་གློག་འཕྲིན་སྒྲོག་སྦྱངས་གནང་བ་རེད། (གློག་འཕྲིན་གྱི་ནང་དོན་ཆ་ཚང་ཟུར་དུ་འགོད་རྒྱུ)
          ཝང་དབྱང་གིས་བོད་རང་སྐྱོང་ལྗོངས་དང་། བོད་དམག་ཁུལ་ཁང་། དྲག་ཆས་ཉེན་རྟོག་བོད་ལྗོངས་སྤྱི་ཁྱབ་རུ་ཁག བོད་རང་སྐྱོང་ལྗོངས་སྲིད་ཁྲིམས་ཁོངས་གཏོགས། ཀྲུང་གོ་ནང་བསྟན་མཐུན་ཚོགས་བོད་ཡན་ལག་མཐུན་ཚོགས་བཅས་ལ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས“མཛེས་སྡུག་དང་བདེ་སྐྱིད་ལྡན་པའི་བོད་ལྗོངས་འཛུགས་སྐྲུན་བྱས་ནས་ཐུན་མོང་ཐོག་བསྐྱར་དར་རླབས་པོ་ཆེའི་ཕུགས་འདུན་མངོན་འགྱུར་བྱེད་དགོས”ཞེས་པའི་ཕྱག་བྲིས་ཕྱག་བསྟར་མའི་རྟེན་འབྲེལ་སྒོ་བན་དང་རྟེན་འབྲེལ་གོས་དར་གནང་བ་རེད།
          སྤྲོ་སེམས་འཁོལ་བའི་ཐལ་མོའི་རྡེབ་སྒྲའི་ཁྲོད་ཝང་དབྱང་གིས་སྤྲོ་སྣང་ཆེན་པོས་གསུང་བཤད་གནང་ཞིང་། ཁོང་གིས་རྒྱལ་ཡོངས་སུ་ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་ངོ་བརྒྱ་འཁོར་བར་དགའ་སྤྲོའི་རྟེན་འབྲེལ་ཞུ་བའི་མཚམས་འདིར། ང་ཚོས་བོད་ལྗོངས་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་ངོ་70འཁོར་བའི་དུས་བཟང་བསུས་ཡོད། ཟླ་བ་གོང་མར། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་སྐུ་ངོ་མ་བོད་དུ་གཟིགས་ཞིབ་གནང་བར་ཕེབས་ཏེ། བོད་ལྗོངས་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་ངོ་70སོང་རིང་གི་བོད་ཀྱི་འཕེལ་རྒྱས་གྲུབ་འབྲས་ལ་གདེང་འཇོག་གང་ལེགས་གནང་བ་དང་། མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ལ་བྱམས་བརྩེའི་ཐུགས་ཁུར་དང་སྨོན་འདུན་བཟང་པོ་ཞུས་ཡོད། དེ་རིང་། ཀྲུང་དབྱང་སྐུ་ཚབ་ཚོགས་པས་ཏང་ཀྲུང་དབྱང་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མངགས་བཅོལ་ཟབ་མོ་དང་རྒྱལ་ཡོངས་མི་དམངས་ཀྱི་བརྩེ་སེམས་ཟབ་མོ་མཚོན་ཆེད་བོད་ལྗོངས་ཀྱི་མི་རིགས་ཁག་གི་མི་དམངས་དང་མཉམ་དུ་བོད་ལྗོངས་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་ངོ་70འཁོར་བར་རྟེན་འབྲེལ་གཟབ་རྒྱས་ཞུ་རྒྱུ་ཡིན། ཝང་དབྱང་གིས་ཀྲུང་གུང་ཀྲུང་དབྱང་དང་། རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན། རྒྱལ་སྲིད་སྤྱི་ཁྱབ་ཁང་། རྒྱལ་ཡོངས་སྲིད་གྲོས། ཀྲུང་དབྱང་དམག་ཨུད་བཅས་ཀྱི་ཚབ་ཞུས་ཏེ་བོད་རང་སྐྱོང་ལྗོངས་ལ་སྤྲོ་སེམས་འཁོལ་པོས་རྟེན་འབྲེལ་དང་། བོད་ལྗོངས་ཀྱི་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ལ་བྱམས་བརྩེའི་འཚམས་འདྲི། དུས་ཡུན་རིང་པོའི་ནང་བོད་ཀྱི་འཕེལ་རྒྱས་དང་ཡར་ཐོན་ལ་ཐུགས་ཁུར་དང་རྒྱབ་སྐྱོར་གནང་མཁན་ལས་རིགས་ཁག་གི་མི་སྣར་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུས་པ་རེད།
          ཝང་དབྱང་གིས་1951ལོར་བོད་ལྗོངས་ཞི་བས་བཅིངས་འགྲོལ་བཏང་བ་ནི་ཀྲུང་གོའི་མི་དམངས་ཀྱི་བཅིངས་འགྲོལ་བྱ་གཞག་དང་མེས་རྒྱལ་གཅིག་གྱུར་གྱི་བྱ་གཞག་ལ་རྒྱལ་ཁ་ཆེན་པོ་ཐོབ་པ་ཞིག་དང་། བོད་ལ་དུས་རབས་འབྱེད་པའི་དོན་སྙིང་ལྡན་པའི་ལོ་རྒྱུས་ཀྱི་ཁ་ཕྱོགས་སྒྱུར་མཚམས་ཤིག་ཡིན། དུས་དེ་ནས་བཟུང་བོད་ལྗོངས་འདི་ཉིད་མུན་ནག་ནས་འོད་ཟེར་དང་། རྗེས་ལུས་ནས་ཡར་ཐོན། དབུལ་ཕོངས་ནས་འབྱོར་ཕྱུག སྲིད་དབང་སྒེར་གཅོད་ནས་དམངས་གཙོ། སྒོ་རྒྱག་ནས་སྒོ་དབྱེ་བཅས་ཀྱི་ཡངས་ཤིང་རྒྱ་ཆེ་བའི་འགྲོ་ལམ་ཐོག་བསྐྱོད་དེ། དཔྱིད་ཀྱི་དཔལ་ཡོན་བཞད་པ་ལྟ་བུའི་སྤྱི་ཚོགས་རིང་ལུགས་ཀྱི་བོད་ལྗོངས་གསར་པ་ཞིག་འཛམ་གླིང་ཡང་རྩེར་འགྱིང་ངེར་གནས་ཡོད་ཅེས་གསུངས་པ་རེད།
          ཝང་དབྱང་གིས་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། བོད་ལྗོངས་འདི་ཉིད་འཕེལ་རྒྱས་ཡག་ཤོས་དང་། འགྱུར་ལྡོག་ཆེ་ཤོས། མང་ཚོགས་ལ་དངོས་ཕན་ཐོབ་མང་ཤོས་བཅས་ཀྱི་དུས་རབས་གསར་པར་སླེབས་ཡོད། ལོ་རེའི་ཆ་སྙོམས་དཔལ་འབྱོར་འཕར་ཚད་དེ་རྒྱལ་ཡོངས་ཀྱི་ཨང་གསུམ་པར་སླེབས་པ་དང་། གྲོང་གསེབ་ཀྱི་ཡུལ་མི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་འཕར་ཚད་དེ་ལོ་མང་བསྟུད་མར་རྒྱལ་ཡོངས་ཀྱི་ཨང་དང་པོར་སླེབས་པ། གྲོང་རྡལ་ཅན་དུ་འགྱུར་ཚད་བརྒྱ་ཆའི་གྲངས་13འཕར་ཡོད། རྒྱུན་སྲིང་ལྷོད་མེད་ཀྱིས་འབད་བརྩོན་བྱས་པ་བརྒྱུད་དབུལ་ཕོངས་མི་འབོར་ཁྲི་62.8ཚང་མ་དབུལ་སྒྲོལ་ཐུབ་པ་དང་། མི་ཁྲི་26.6རི་མཐོ་ལུང་ཁུག་གི་དཀའ་སྡུག་ཆེ་ས་ནས་ལུང་གཞུང་གྲོང་རྡལ་དུ་གནས་སྤོས་ཀྱིས་བདེ་སྡོད་ལས་བརྩོན་བྱུང་ཞིང་། བོད་ལྗོངས་འདི་ཉིད་རྒྱལ་ཡོངས་དང་མཉམ་དུ་དུས་བཀག་ལྟར་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་ཐུབ་པ་བྱུང་ཡོད་ཅེས་གསུངས་པ་རེད།
          ཝང་དབྱང་གིས་དེང་གི་འཛམ་གླིང་ལ་ལོ་བརྒྱའི་ནང་འཕྲད་མ་མྱོང་བའི་འགྱུར་བ་ཆེན་པོ་བྱུང་བ་དང་། རང་རྒྱལ་འདི་ཉིད་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་མངོན་འགྱུར་ཡོང་བའི་འགག་རྩའི་དུས་སྐབས་སུ་སླེབས་ཤིང་། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་པའི་རྒྱང་སྐྱོད་ཀྱི་ལམ་བུ་གསར་པར་སྐྱོད་འགོ་ཚུགས་པ་དང་། བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་གཏོང་རྒྱུ་དེ་ཡང་ལོ་རྒྱུས་ཀྱི་འགོ་འཛུགས་ས་གསར་པར་སླེབས་ཡོད། ང་ཚོས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱེད་རྒྱུ་མཐའ་འཁྱོངས་བྱས་ཏེ“འདུ་ཤེས་བཞི”ཟབ་ཏུ་གཏོང་བ་དང་། “གདེང་ཚོད་བཞི”བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”ཐུབ་པ་བཅས་བྱེད་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་བདུན་པའི་ཐོག་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་དང་བོད་དུ་གཟིགས་ཞིབ་གནང་སྐབས་ཀྱི་མཛུབ་སྟོན་གལ་ཆེན་གྱི་དགོངས་པ་སློབ་སྦྱོང་གཏིང་ཟབ་དང་། དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ཕྱོགས་ཡོངས་ནས་ལག་བསྟར། ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་དོན་འཁྱོལ་ནན་ཏན་བཅས་བྱས་ཏེ། གངས་ལྗོངས་ས་མཐོ་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ལེའུ་གསར་པ་ཞིག་རྩོམ་ཆེད་འབད་བརྩོན་བྱེད་དགོས་ཞེས་གསུངས་པ་རེད།
          ཝང་དབྱང་གིས་ཐོག་མཐའ་བར་གསུམ་དུ་ཏང་གི་འགོ་ཁྲིད་མཐའ་འཁྱོངས་བྱས་ཏེ་བློ་བརྟན་འགྱུར་མེད་ངང་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་འགྲོ་ལམ་ཐོག་སྐྱོད་དགོས་པ་དང་། བོད་ཀྱི་ཞི་མཐུན་བརྟན་ལྷིང་གི་དུས་བབ་བཟང་པོ་སྲ་བརྟན་དང་གོང་འཕེལ་བཏང་ནས་རྒྱལ་ཁབ་ཀྱི་བདེ་འཇགས་དང་མཐའ་མཚམས་སྲ་བརྟན་འགན་ལེན་བྱེད་དགོས་པ། ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་ཟབ་ཏུ་གཏོང་རྒྱུ་གཙོ་རྐང་དུ་བཟུང་སྟེ་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་བྱ་གཞག་ལ་སྐུལ་འདེད་གཏོང་དགོས་པ། མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་མཐའ་འཁྱོངས་བྱས་ནས་དཔལ་འབྱོར་དང་སྤྱི་ཚོགས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཡོང་བར་སྐུལ་འདེད་གཏོང་དགོས་པ། རི་སྔོན་ཆུ་དྭངས་གསེར་རི་དངུལ་རི་ལས་ལྷག་པ་དང་གངས་རི་འཁྱགས་ཀླུང་ཡང་གསེར་རི་དངུལ་རི་ཡིན་པའི་འདུ་ཤེས་བརྟན་པོ་བཙུགས་ནས་སྐྱེ་ཁམས་ཤེས་དཔལ་གྱི་མཐོ་ས་སྐྲུན་དགོས་པ་བཅས་ཀྱི་ནན་བཤད་གནང་བ་རེད།
          མཇུག་ཏུ་ཝང་དབྱང་གིས་ང་ཚོས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་མཐུན་སྒྲིལ་དམ་ཟབ་བྱས་ཏེ། རླབས་ཆེན་གྱི་ཏང་འཛུགས་སྙིང་སྟོབས་དར་སྤེལ་དང་། “བོད་སྐྱོད་པ་རྒན་གྲས་ཀྱི་སྙིང་སྟོབས”དང“ལམ་གཉིས་ཀྱི་སྙིང་སྟོབས”རྒྱུན་འཛིན་བྱས་ནས་མཐུན་སྒྲིལ་དང་། འབྱོར་ཕྱུག ཤེས་དཔལ། ཞི་མཐུན། མཛེས་སྡུག་བཅས་ལྡན་པའི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་འཛུགས་སྐྲུན་དང་། ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་ཡོང་ཆེད་འབད་བརྩོན་ལྷོད་མེད་བྱེད་དགོས་ཞེས་གསུངས་པ་རེད། (གསུང་བཤད་ཀྱི་ནང་དོན་ཆ་ཚང་ཟུར་དུ་འགོད་རྒྱུ)
          བོད་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝུའུ་དབྱིང་ཅེས་ཚོགས་ཆེན་ཐོག་གསུང་བཤད་གནང་ཞིང་། ཁོང་གིས་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག་བོད་སྐྱོང་དང་། བོད་བརྟན། བོད་དར་བཅས་ཀྱི་བྱ་གཞག་ཕྱོགས་ཡོངས་ནས་ཡར་རྒྱས་ཕྱིན་ནས་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲུས་ཐོབ་ཡོད། དུས་རབས་གསར་པར་ང་ཚོས་བློ་ཐག་རྦད་བཅད་ཀྱིས་ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་བདུན་པའི་དགོངས་དོན་དང་། བོད་ཀྱི་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་དང་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ཕྱོགས་ཡོངས་ནས་ལག་བསྟར་བྱས་ཏེ། མཛེས་སྡུག་དང་བདེ་སྐྱིད་ལྡན་པའི་བོད་ལྗོངས་འཛུགས་སྐྲུན་བྱས་ནས་ཐུན་མོང་ཐོག་བསྐྱར་དར་རླབས་པོ་ཆེའི་ཕུགས་འདུན་མངོན་འགྱུར་ཡོང་ཆེད་འབད་བརྩོན་ལྷོད་མེད་བྱེད་ཀྱི་ཡིན་ཞེས་གསུངས་པ་རེད།
          བོད་དམག་ཁུལ་ཁང་གི་སི་ལིང་ཡོན་ཝང་ཁའེ་དང་། མང་ཚོགས་ཀྱི་འཐུས་མི་བསྟན་འཛིན། བོད་སྐྱོར་ལས་བྱེད་པའི་འཐུས་མི་ལེང་ནན་ཡུས་བཅས་ཀྱིས་ཚོགས་འདུའི་ཐོག་གཏམ་བཤད་སྤེལ་བ་རེད།
          《མེས་རྒྱལ་ལ་བསྟོད་གླུ་འབུལ》ཞེས་པའི་ངར་སེམས་འཕེལ་བའི་འགྱུར་ཁུག་ཁྲོད་ཞི་བདེའི་ཕུག་རོན་གཤོག་ཟུང་རྡེབ་ནས་འཕུར་བ་དང་ཚོན་མདངས་བཀྲ་བའི་ལྒང་ཕུག་མཁའ་དབྱིངས་སུ་གློད་པ་དང་སྦྲགས་སྤྲོ་སེམས་འཁོལ་བའི་ཐལ་མོའི་རྡེབ་སྒྲ་དང་དགའ་འབོད་ཁྲོད་རྟེན་འབྲེལ་ཚོགས་ཆེན་ཕུན་སུམ་ཚོགས་པོའི་ངང་གྲོལ་བ་རེད།
          ཀྲུང་དབྱང་སྐུ་ཚབ་ཚོགས་པའི་ཚོགས་གཙོ་གཞོན་པ་པད་མ་འཕྲིན་ལས་དང་། ཀྲང་ཆིང་ལི། མེའོ་ཧྭ་བཅས་དང་ཀྲུང་དབྱང་སྐུ་ཚབ་ཚོགས་པའི་ཁོངས་མི་ཡོངས་དང་རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་འཕགས་པ་ལྷ་དགེ་ལེགས་རྣམ་རྒྱལ་དང་དེ་བཞིན་བོད་རང་སྐྱོང་ལྗོངས་ཏང་སྲིད་དམག་གི་འགན་འཁུར་བ་སོགས་ཚོགས་ཆེན་ལ་ཞུགས་པ་རེད།
          ཡང་གནས་ཚུལ་འབྱོར་གསལ། ཚེས་19ཉིན་གྱི་ཕྱི་དྲོ། བོད་ལྗོངས་མི་དམངས་ཚོགས་ཁང་དུ་གློག་འོད་ཆེམ་ཆེམ་དུ་འཕྲོ་བ་དང་ཕྱོགས་གང་སར་འཁྲུག་ཆ་དོད་པའི་དགའ་སྟོན་གྱི་རྣམ་པས་ཁེངས། བོད་ལྗོངས་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་ངོ་70འཁོར་བར་རྟེན་འབྲེལ་ཞུ་བའི་རིག་རྩལ་འཁྲབ་སྟོན《བོད་ཀྱི་བུ་ཕྲུག་གི་སེམས་པ་ཏང་ལ་ཕྱོགས》ཞེས་པ་འདི་གར་འཁྲབ་སྟོན་བྱས་པ་རེད། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་དང་། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི། ཀྲུང་དབྱང་སྐུ་ཚབ་ཚོགས་པའི་ཚོགས་གཙོ་བཅས་ཡིན་པའི་ཝང་དབྱང་གིས་བོད་ལྗོངས་ཀྱི་མི་རིགས་ཁག་དང་ལས་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་600ལྷག་ཙམ་དང་ལྷན་དུ་འཁྲབ་སྟོན་ལ་གཟིགས་པ་རེད།
39.7K

ཐག་རག་ཡིག་བསྒྱུར་མ་ལག

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1