ཝང་དབྱང་གིས་བོད་ལྗོངས་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་ངོ་70འཁོར་བར་རྟེན་འབྲེལ་ཞུ་བའི་རིག་རྩལ་འཁྲབ་སྟོན《བོད་ལྗོངས་ཀྱི་བུ་ཕྲུག་གི་སེམས་པ་ཏང་ལ་ཕྱོགས》ལ་གཟིགས་པ།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ། སྤེལ་དུས། 08-23



          ཝུའུ་དབྱིང་ཅེ་དང་། བློ་བཟང་རྒྱལ་མཚན། ཆེ་དགྲ་ལྷ། ཀྲོང་ཡན། ཡན་ཅིན་ཧའེ་བཅས་འབྲེལ་ཡོད་བྱེད་སྒོར་ལྷན་དུ་ཞུགས་པ།
          འདི་ནི་འཁྲབ་སྟོན་མཇུག་འགྲིལ་རྗེས་ཝང་དབྱང་གིས་གར་སྟེགས་ཐོག་ཕེབས་ཏེ་འཁྲབ་སྟོན་ཐུགས་གྲ་ལེགས་འགྲིག་བྱུང་བར་རྟེན་འབྲེལ་ཞུས་པ་དང་ཆབས་ཅིག འཁྲབ་སྟོན་པ་ཡོངས་དང་ལྷན་བཞུགས་དྲན་རྟེན་པར་བསྐྱོན་པ།
          ཚེས་19ཉིན་གྱི་ཕྱི་དྲོ། བོད་ལྗོངས་མི་དམངས་ཚོགས་ཁང་དུ་གློག་འོད་ཆེམ་ཆེམ་དུ་འཕྲོ་བ་དང་ཕྱོགས་གང་ས་ནས་འཁྲུག་ཆ་དོད་ལ་དགའ་སྟོན་གྱི་རྣམ་པས་ཁེངས། བོད་ལྗོངས་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་ངོ་70འཁོར་བར་རྟེན་འབྲེལ་ཞུ་བའི་རིག་རྩལ་འཁྲབ་སྟོན《བོད་ལྗོངས་ཀྱི་བུ་ཕྲུག་གི་སེམས་པ་ཏང་ལ་ཕྱོགས》འདི་གར་འཁྲབ་སྟོན་བྱས་པ་རེད། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་དང་། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི། ཀྲུང་དབྱང་སྐུ་ཚབ་ཚོགས་པའི་ཚོགས་གཙོ་བཅས་ཡིན་པའི་ཝང་དབྱང་གིས་བོད་ལྗོངས་ཀྱི་མི་རིགས་ཁག་དང་ལས་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་600ལྷག་ཙམ་དང་ལྷན་དུ་འཁྲབ་སྟོན་ལ་གཟིགས་པ་རེད།
          རིག་རྩལ་འཁྲབ་སྟོན་དེ་གླུ་གར་འཁྲབ་སྟོན་ཆེ་གྲས《བཀྲ་ཤིས་བདེ་ལེགས》ཁྲོད་ནས་འགོ་ཚུགས་པ་རེད། ས་མཐོའི་བུ་ཕྲུག་ཚོས་ལུས་ལ་གཟབ་མཆོར་ལེགས་པར་སྤྲས་ཏེ་གུས་ལུགས་གྲ་རྒྱས་ཤོས་དང་ཆེས་བླ་ན་མེད་པའི་གུས་སེམས་ཐོག་ནས་རླབས་ཆེན་ཏང་དང་རླབས་ཆེན་མེས་རྒྱལ་ལ་བཀའ་དྲིན་འཆང་ལུགས་དང་། གུས་ཤིང་བརྩེ་བའི་སྤྱི་ཁྱབ་ཧྲུའུ་ཅིར་བཀའ་དྲིན་འཆང་ལུགས་མཚོན་པར་བྱས་ཡོད། འཁྲབ་སྟོན་དེ་སྟོད་ཆ《ཉི་འོད་ས་མཐོར་འཕྲོ》དང་། སྨད་ཆ《དུས་རབས་གསར་པར་འབད་འབུངས་མདུན་སྐྱོད་བྱེད》 མཇུག་སྒྲིལ་གླུ་གཞས《ནམ་ཡང་ཏང་གི་རྗེས་སུ་འབྲང་བ》བཅས་ཁག་གསུམ་ལ་དབྱེ་ཡོད། ལོ་ངོ་70ཡི་རིང་བོད་ལྗོངས་འདི་ཉིད་ཞི་བས་བཅིངས་འགྲོལ་བཏང་བ་ནས་དར་རྒྱས་གོང་འཕེལ་གྱི་འོད་སྟོང་འཕྲོ་བའི་ལོ་རྒྱུས་ལམ་བུ་རྣམ་པ་ཧྲིལ་པོའི་ཐོག་ནས་མངོན་པ་དང་། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་བོད་ལྗོངས་ལ་ཚད་མཐོའི་མཐོང་ཆེན་དང་ཐུགས་ཁུར་ཟབ་མོ་གནང་ལུགས་གསོན་ཉམས་དོད་པོས་མངོན་པ། བོད་ལྗོངས་ཀྱི་མི་རིགས་ཁག་གི་མི་དམངས་ཀྱིས་བློ་བརྟན་འགྱུར་མེད་ཀྱི་སྒོ་ནས་ཏང་གི་རྗེས་སུ་འབྲང་བ་དང་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་འཛུགས་སྐྲུན་བྱ་ཆེད་འབད་འཐབ་ཧུར་ཐག་བྱེད་པའི་ཉམས་བཟང་གང་ལེགས་མངོན་པ་བཅས་བྱས་ཡོད།
          འཁྲབ་སྟོན་གྱི་སྟོད་ཆར་བཀོད་སྒྲིག་ཚགས་ཚུད་བྱས་པའི་ལྗོངས་རྣམ་ཞབས་བྲོ《གངས་རིའི་བག་ཆགས》ལས་མི་དམངས་བཅིངས་འགྲོལ་དམག་བོད་དུ་དཔུང་སྐྱོད་བྱས་པའི་བརྗིད་ཆེའི་མཛད་རྗེས་ལ་བསྟོད་གླུ་ཕུལ་བ་དང་། ཞབས་བྲོ《འོད་ཟེར་གྱི་ཕྱོགས་སུ་སྐྱོད་པ》ལས་གཟིགས་མོ་བའི་མིག་ལམ་དུ་ཞིང་བྲན་ཁྲི་ཚོ་བརྒྱར་ཡར་ལངས་བཅིངས་འགྲོལ་ཐོབ་པའི་བརྗིད་ཆེའི་ལོ་ཟླ་མངོན་པར་བྱས་ཡོད། 《གོས་བཀྲུའི་གླུ་གཞས》དང་། 《ཚང་མས་མཉམ་དུ་རྟེན་འབྲེལ་ཞུ》 《གླུ་ཞིག་བླངས་ནས་ཏང་ལ་འབུལ》སོགས་གྲགས་ཅན་གྱི་གླུ་གཞས་བླངས་ནས་གནའ་བོའི་བོད་ལྗོངས་ལ་བྱུང་བའི་འཚོ་བ་གསར་པར་བསྟོད་གླུ་ཕུལ་བ་དང་། ཞབས་བྲོ《ས་མཐོའི་ཟིལ་རླབས》ལས་སྒྱུར་བཅོས་སྒོ་དབྱེས་བོད་ལ་ཡར་ངོའི་ཟླ་ལྟར་འཕེལ་རྒྱས་བྱུང་བའི་འགྱུར་ལྡོག་མཚོན་པར་བྱས་ཡོད།
          འཁྲབ་སྟོན་གྱི་སྨད་ཆའི་ནང་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་བྱམས་བརྩེའི་ཐུགས་ཁུར་དང་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ཀྱི་ལྟ་རེས་སྐྱོང་རེས་འོག བོད་ལྗོངས་ཀྱི་བྱ་གཞག་ཁག་ལ་ཕྱོགས་ཡོངས་ནས་ཡར་རྒྱས་དང་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ཐོབ་པར་དམིགས་ཤིང་། 《དུས་རབས་གསར་པར་འབད་འབུངས་མདུན་སྐྱོད་བྱེད》དང《བདེ་སྐྱིད་ལྡན་པའི་འབྱོར་འབྲིང་ལམ་བུ》 《ཁ་བཏཌ་ཀྱི་སྨོན་འདུན》སོགས་ཀྱི་ལེ་ཚན་ནང་གླུ་གར་གྱི་རྣམ་པའི་ཐོག་ནས་བོད་ལྗོངས་ཀྱི་མི་དམངས་ཚོའི་བདེ་སྐྱིད་ལྡན་པའི་འཚོ་བ་གསར་པ་མཚོན་པར་བྱས་ཡོད།
          གླུ་གཞས《ནམ་ཡང་ཏང་གི་རྗེས་སུ་འབྲང་བ》ནང་བོད་ལྗོངས་ཀྱི་མི་རིགས་ཁག་གི་མི་དམངས་ཚོས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་མཛུབ་ཁྲིད་འོག འབད་འབུངས་ཡར་བརྩོན་གྱིས་རྒྱང་སྐྱོད་ཀྱི་ལམ་བུ་གསར་པའི་ཐོག་གོམ་ཞེང་ཆེན་པོས་བསྐྱོད་པའི་བློ་སྤོབས་ཆེན་པོ་མངོན་ནས་ལེ་ཚན་གྱི་མཐོ་རླབས་འཕྱུར་བར་བྱས་ཡོད།
          སྐར་མ་65ཡི་ངོ་མཚར་འཁྲབ་སྟོན་ལ་གཟིགས་མོ་བའི་དགའ་བསུ་དང་དགའ་འབོད་ཡང་ཡང་ཐོབ་ཅིང་།
          ལེ་ཚན་ཡོངས་ཀྱི་ནང་དོན་ཕུན་སུམ་ཚོགས་པ་དང་། རྣམ་པ་སྣ་ཚོགས་པ། བརྩེ་དུང་གིས་ཕྱུག་པ། བརྗིད་ཉམས་ལྡན་པ་བཅས་ཡོད་པ་དང་། སྒྱུ་རྩལ་གྱི་རྣམ་པར་བརྟེན་ནས་ཀྲུང་གོའི་གུང་ཁྲན་ཏང་གིས་བོད་ལྗོངས་ཀྱི་མི་རིགས་ཁག་གི་མི་དམངས་ཀྱི་འགོ་ཁྲིད་དེ་འོད་སྟོང་འཕྲོ་བའི་ལོ་རྒྱུས་ཀྱི་ལམ་བུ་བརྒྱུད་པ་དང་གཡུར་ཟའི་གྲུབ་འབྲས་ཐོབ་པ་སླར་ཡང་མངོན་ནས། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་དང་རྒྱལ་ཡོངས་མི་དམངས་ལ་བོད་ཀྱི་མི་རིགས་ཁག་གི་མི་དམངས་ཀྱིས་དྲིན་ཚོར་གྱི་སེམས་པ་ཆེན་པོ་འཆང་ལུགས་མཚོན་པར་བྱས་ཡོད།
          ཀྲུང་དབྱང་སྐུ་ཚབ་ཚོགས་པའི་ཚོགས་གཙོ་གཞོན་པ་ཡིའུ་ཆོན་དང་། པད་མ་འཕྲིན་ལས། ཀྲང་ཆིང་ལི། མེའོ་ཧྭ། དེ་བཞིན་སྐུ་ཚབ་ཚོགས་པའི་ཁོངས་མི་ཡོངས། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་འཕགས་པ་ལྷ་དགེ་ལེགས་རྣམ་རྒྱལ་སོགས་འཁྲབ་སྟོན་ལ་གཟིགས་པར་ཕེབས་ཡོད།
          འཁྲབ་སྟོན་མཇུག་འགྲིལ་རྗེས་ཝང་དབྱང་སོགས་ཀྱིས་རང་སྐྱོང་ལྗོངས་ཀྱི་འགོ་ཁྲིད་ཝུའུ་དབྱིང་ཅེ་དང་། བློ་བཟང་རྒྱལ་མཚན། ཆེ་དགྲ་ལྷ་སོགས་ཀྱི་ཕེབས་རོགས་འོག་གར་སྟེགས་ཐོག་ཕེབས་ཏེ་འཁྲབ་སྟོན་བདེ་བླག་ངང་ལེགས་གྲུབ་བྱུང་བར་རྟེན་འབྲེལ་ཞུས་པ་དང་ཆབས་ཅིག འཁྲབ་སྟོན་པ་ཡོངས་དང་ལྷན་བཞུགས་དྲན་རྟེན་སྐུ་པར་ཡང་བསྐྱོན་པ་རེད།
          ལེགས་མཆོག་དང་པ་སངས་སོགས་ལས་བྲལ་དང་རྒན་ཡོལ་ཞུས་པའི་བློ་མཐུན་རྒན་གྲས་དང་། དེ་བཞིན་ཀྲོང་ཡན་དང་། ཡན་ཅིན་ཧའེ། ཀྲང་ཞུའེ་ཅེ། ཝང་ཁའེ། བསྟན་ཁོ། ཅང་ཅེ། ཧོ་ཝུན་ཧའོ། པད་མ་དབང་འདུས། ལིའུ་ཅང་། ཝང་ཝུའེ་ཏུང་། ཁྲེན་ཡུང་ཆི། དབང་ཧའེ་ཀྲོའུ་སོགས་རང་སྐྱོང་ལྗོངས་ཀྱི་ཞིང་ཆེན་དང་ཅུན་རིམ་པའི་འགོ་ཁྲིད་གོང་གསལ་གྱི་བྱེད་སྒོར་ཞུགས་ཡོད།
          འཁྲབ་སྟོན་འགོ་མ་ཚུགས་གོང་། ཝང་དབྱང་གིས་ད་དུང་རང་སྐྱོང་ལྗོངས་ཀྱི་འགོ་ཁྲིད་ཚན་ཁག་གི་ཁོངས་མི་དང་། ལས་བྲལ་དང་རྒན་ཡོལ་ཞུས་པའི་བློ་མཐུན་རྒན་གྲས། མི་རིགས་ཁག་དང་ལས་རིགས་ཁག་གི་མི་སྣ། དགོན་སྡེ་དོ་དམ་ལས་བྱེད་པ། སྲིད་ཁྲིམས་ཀྱི་ལས་བྱེད་ཉེན་རྟོག་པ། བོད་སྡོད་མི་དམངས་བཅིངས་འགྲོལ་དམག་དང་དྲག་ཆས་ཉེན་རྟོག་དཔུང་སྡེའི་དཔོན་དམག་བཅས་ཀྱི་འཐུས་མིར་གཟིགས་པ་མ་ཟད། ཁོང་ཚོ་དང་ལྷན་བཞུགས་དྲན་རྟེན་སྐུ་པར་ཡང་བསྐྱོན་པ་རེད།

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1