གཙོ་ངོས།>> གསར་འགྱུར།>>བོད་འབྲེལ་ས་ཁུལ།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།མི་དམངས་དྲ་བའི་འཕྲིན། སྤེལ་དུས། ༢༠༢༡ལོའི་ཟླ་བ་༠༨ཚེས་༢༤ཉིན།

ནག་ལྷའི་མྱུར་བགྲོད་གཞུང་ལམ་ཤར་གཏོང་བྱུང་བ།


     ཟླ་8ཚེས་21ཉིན། G6ཅིང་བོད་མྱུར་བགྲོད་གཞུང་ལམ་ནག་ཆུ་ནས་ཡངས་པ་ཅན་བར་གྱི་ལམ་དུམ་ཐོག་རླངས་འཁོར་ཚོད་ལྟ་འཁོར་སྐྱོད་བྱས་པ་རེད། དེའི་བར་དུ། ལམ་ཐག་ཡོངས་ཀྱི་རིང་ཚད་ལ་སྤྱི་ལེ་295ཡོད་པའི་G6ཅིང་བོད་མྱུར་བགྲོད་གཞུང་ལམ་ནག་ཆུ་ནས་ལྷ་སའི་བར་གྱི་ལམ་དུམ་(གཤམ་དུ་ནག་ལྷ་མྱུར་བགྲོད་གཞུང་ལམ་ཞེས་བསྡུས་པ)གྱི་ལམ་ཐིག་ཧྲིལ་བོར་ཤར་གཏོང་ཐུབ་པ་དང་། བོད་ལྗོངས་ཀྱི་མཐོ་རིམ་གཞུང་ལམ་གྱི་སྤྱིའི་ལམ་ཐག་རིང་ཚད་ལ་སྤྱི་ལེ་1105ཟིན་ཡོད་པ་རེད། 
   ལམ་དུམ་དེའི་སྤྱིའི་རིང་ཚད་ལ་སྤྱི་ལེ་226.937(ནག་ཆུའི་ལྷོའི་བར་བགྲོད་ཐུབ་པ་ནས་འདམ་གཞུང་རྫོང་ཡངས་པ་ཅན་གྲོང་རྡལ་སངས་ས་གྲོང་ཚོའི་ཡངས་པ་ཅན་བར་བགྲོད་ཐུབ)ཡོད། ཚོད་ལྟ་འཁོར་སྐྱོད་བྱེད་རིང་། བོད་རང་སྐྱོང་ལྗོངས་འགྲིམ་འགྲུལ་སྐྱེལ་འདྲེན་སྡེ་ཚན་དང་སྤྱི་བདེ་ལས་ཁུངས་འགྲིམ་འགྲུལ་དོ་དམ་སྡེ་ཚན་གྱིས་མྱུར་ཚད་མཐོ་ཤོས་ཆུ་ཚོད་ཅིག་ལ་སྤྱི་ལེ་100དང་། མྱུར་ཚད་དམའ་ཤོས་ཆུ་ཚོད་རེ་ལ་སྤྱི་ལེ་70མྱུར་བགྲོད་གཞུང་ལམ་ཐོག་འགྲོ་སྐྱོད་བྱེད་པའི་ཚད་གཞི་ལྟར་འགྲིམ་འགྲུལ་དོ་དམ་བྱེད་ཀྱི་ཡོད་པ་རེད།

   ནག་ལྷ་མྱུར་བགྲོད་གཞུང་ལམ་ནི་བོད་རང་སྐྱོང་ལྗོངས་ཀྱི་ལྟེ་བའི་གྲོང་ཁྱེར་ལྷ་ས་དང་བོད་བྱང་ཐང་བར་འབྲེལ་མཐུད་བྱེད་པའི་མྱུར་བགྲོད་གཞུང་ལམ་དང་པོ་དེ་ཡིན་ཞིང་། རླངས་འཁོར་ཤར་གཏོང་ཐུབ་རྗེས། ལྷ་ས་གྲོང་ཁྱེར་དང་ནག་ཆུ་གྲོང་ཁྱེར་དབར་གྱི་ལམ་ཐག་དེ་སྔོན་ཆད་རྒྱལ་རིམ་གཞུང་ལམ་109ལམ་བུར་བསྐྱོད་པར་ཆུ་ཚོད་6ལྷག་ཙམ་འགོར་གྱི་ཡོད་པ་དེ་ད་ལྟ་ཆུ་ཚོད་3བར་དུ་ཐུང་དུ་གཏོང་ཡོད། གཞུང་ལམ་དེ་ཆ་སྙོམས་ས་བབ་མཐོ་ཚད་སྨི་4500ཡན་གྱི་ས་ཁུལ་དུ་བསྐྲུན་པ་དང་དེ་ནི་འཛམ་གླིང་ཐོག་ས་བབ་མཐོ་ཤོས་ཀྱི་མྱུར་བགྲོད་གཞུང་ལམ་ཞིག་རེད།


   ནག་ལྷ་མྱུར་བགྲོད་གཞུང་ལམ་གྱི་འགོ་འཛུགས་ས་ནག་ཆུ་གྲོང་ཁྱེར་ནག་ཆུ་རྫོང་གྲོང་ཁྱེར་འཆར་འགོད་ཁུལ་གྱི་ལྷོ་ནུབ་ཏུ་ཡིན་ཞིང་། རྒྱལ་རིམ་གཞུང་ལམ་109དང་སྦྲེལ་བ་དང་། ལྷ་ས་གྲོང་ཁྱེར་སྟོད་ལུང་བདེ་ཆེན་ཆུས་གནས་ཆུང་གྲོང་རྡལ་གྱི་འབྲོག་མ་གྲོང་ཚོའི་བར་ཡིན་པ་རེད། དེ་ནི་བསྐྲུན་ཟིན་པའི་ལྷ་ས་གྲོང་ཁྱེར་ནུབ་རྒྱུད་སྐོར་ལམ་ལ་མཐུད་ཡོད་ཅིང་། ལམ་ཐིག་ཧྲིལ་པོར་ཁ་ཕྱོགས་གཉིས་ཅན་གྱི་འཁོར་ལམ་བཞི་ཡོད། དེའི་ནང་ཡངས་པ་ཅན་ནས་ལྷ་ས་བར་གྱི་ལམ་དུམ་གྱི་ཆུ་ཚོད་རེའི་མྱུར་ཚད་སྤྱི་ལེ་100འཆར་འགོད་བྱས་པ་དང་སྤྱིའི་རིང་ཚད་སྤྱི་ལེ་68ཟིན། དེ་ནི་2020ལོའི་ཟླ་10ཚེས་1ཉིན་རླངས་འཁོར་ཤར་གཏོང་ཐུབ་ཡོད་པ་རེད།

39.7K

ཐག་རག་ཡིག་བསྒྱུར་མ་ལག

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1