དབྱི་ལིང་གི་ཕྱི་འབྲེལ་པུའུ་ཡིས་དབྱི་ལིང་གི་ཉིང་རྡུལ་ནུས་པའི་གྲོས་མཐུན་ཁྲོད་ཀྱི་ལངས་ཕྱོགས་འགྱུར་མེད་པའི་ཚུལ་བསྟན།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།མཚོ་སྔོན་བོད་སྐད་རླུང་འཕྲིན། སྤེལ་དུས། 08-25


        ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  དབྱི་ལིང་ཕྱི་འབྲེལ་པུའུ་ཡི་མགྲིན་ཚབ་པ་ཧཱ་ཐིས་པུའུ་ཀྲང་ཏི་ཡིས་ཚེས་ཉེར་གསུམ་ཉིན་བསྟན་དོན། དབྱི་ལིང་གིས་ཉིང་རྡུལ་ནུས་པའི་གྲོས་མཐུན་ལག་བསྟར་བྱེད་པའི་གྲོས་མོལ་ཁྲོད་ཀྱི་ལངས་ཕྱོགས་འགྱུར་མེད་པ་དང་། ཨ་མེ་རི་ཁས་ཕན་ནུས་ལྡན་པའི་སྒོ་ནས་དབྱི་ལིང་གི་བཀག་སྡོམ་མེད་པར་གཏོང་བ་དང་། ཕྱོགས་སོ་སོས་དབྱི་ལིང་གི་ཉིང་རྡུལ་ནུས་པའི་གྲོས་མཐུན་བརྩི་སྲུང་བྱེད་པ་ནི་གྲོས་མཐུན་གང་རུང་འགོད་པའི་སྔོན་འགྲོའི་ཆ་རྐྱེན་ཡིན་ཟེར། 
        ཧཱ་ཐིས་པུའུ་ཀྲ་ཏི་ཡིས་ཉིན་དེར་རྒྱུན་ལྡན་གྱི་གསར་འགྱུར་སྒྲོག་སྤེལ་ཚོགས་འདུའི་སྟེང་བསྟན་དོན། ཨ་མེ་རི་ཁའི་སྲིད་གཞུང་གསར་བ་མུ་མཐུད་དུ་སྔོན་ཆད་ཀྱི་སྲིད་གཞུང་གི་ཕམ་ཉེས་ཀྱི་ལམ་དུ་ཞུགས་པ་དང་། དབྱི་ལིང་གིས་ཨ་མེ་རི་ཁའི་དཔོན་རིགས་ཀྱི་གཏམ་བརྗོད་ཙམ་ཐོས་ཀྱང་། དོན་དངོས་ཀྱི་བྱ་སྤྱོད་གང་ཡང་མཐོང་མེད། དུས་ཚོད་ནི་དབྱི་ལིང་གི་ཉིང་རྡུལ་ནུས་པའི་གྲོས་མཐུན་ཡང་བསྐྱར་ལག་བསྟར་བྱེད་པར་ཕན་ཐོགས་མེད་ཟེར། 
        དབྱིན་ཇི་དང་ཧྥ་རན་སི། འཇར་མན་བཅས་ཀྱིས་ཉེ་སྔོན་གསལ་སྒྲོག་སྤེལ་ནས་དབྱི་ལིང་གི་ཉིང་རྡུལ་ནུས་པའི་འཆར་གཞིར་སེམས་ཁུར་བྱེད་པའི་ཚུལ་བསྟན་པའི་གནས་ཚུལ་གླེང་སྐབས། ཧཱ་ཐིས་པུའུ་ཀྲ་ཏི་ཡིས་བསྟན་དོན། དབྱི་ལིང་གིས་བསྒྲུབས་པ་ཚང་མ་རྒྱལ་སྤྱིའི་རྡུལ་ཕྲན་ནུས་པའི་ལས་ཁུངས་ཀྱི་ལྟ་རྟོག་འོག་སྤེལ་བ་ཡིན་ཞིང་། ཞི་བདེའི་དམིགས་ཡུལ་དུ་བཟུང་ཡོད་ལ་ཉིང་རྡུལ་མཚོན་ཆ་རྒྱ་ཡན་དུ་མི་གཏོང་བའི་ཆིངས་ཡིག་བརྩི་སྲུང་བྱེད་བཞིན་ཡོད་ཟེར། ཁོས་བཤད་རྒྱུར། རིགས་དེ་མཚུངས་ཀྱི་ཆབ་སྲིད་གསལ་སྒྲོག་ལས་ཡོ་རོབ་གླིང་གི་རྒྱལ་ཁབ་གསུམ་གྱིས་དབྱི་ལིང་གི་ཉིང་རྡུལ་ནུས་པའི་གྲོས་མཐུན་གྱི་འགན་འཁྲི་མེད་པར་གཏོང་མི་ཐུབ་པ་དང་། དབྱི་ལིང་གི་ཉིང་རྡུལ་ནུས་པའི་གྲོས་མཐུན་ཡང་བསྐྱར་ལག་བསྟར་བྱེད་པའི་ཐབས་ལམ་ཆེས་བཟང་བོ་ནི་ཡོ་རོབ་གླིང་རྒྱལ་ཁབ་དག་གིས་རང་གི་འོས་འགན་ལག་བསྟར་བྱེད་རྒྱུ་དེ་ཡིན་ཟེར། །


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1