པཎ་ཆེན་མཆོག་གིས་བཀྲ་ཤིས་ལྷུན་པོར་ཆོས་ཕྱོགས་ཀྱི་མཛད་སྒོ་སྤེལ་གནང་བ།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ཀྲུང་གོའི་བོད་ལྗོངས་དྲ་བ། སྤེལ་དུས། 08-26



        ཉེ་ཆར། རྒྱལ་ཡོངས་སྲིད་གྲོས་ཀྱི་རྒྱུན་ཨུ་དང་ཀྲུང་གོའི་ནང་བསྟན་མཐུན་ཚོགས་ཀྱི་ཚོགས་གཙོ་གཞོན་པ། ཀྲུང་གོའི་ནང་བསྟན་མཐུན་ཚོགས་བོད་ལྗོངས་ཡན་ལག་མཐུན་ཚོགས་ཀྱི་ཚོགས་གཙོ་པཎ་ཆེན་ཨེར་ཏེ་ནི་ཆོས་ཀྱི་རྒྱལ་པོ་མཆོག་གིས་བཀྲ་ཤིས་ལྷུན་པོ་དགོན་དུ་ཆོས་ཕྱོགས་ཀྱི་མཛད་སྒོ་སྤེལ་གནང་བ་རེད།

པཎ་ཆེན་རིན་པོ་ཆེ་མཆོག་བཀྲ་ཤིས་ལྷུན་པོ་དགོན་དུ་ཕེབས་པ།

བཀྲ་ཤིས་ལྷུན་པོ་དགོན་གྱི་དགེ་འདུན་པས་བོད་བརྒྱུད་ནང་བསྟན་གྱི་ཕྱག་སྲོལ་ལྟར་པཎ་ཆེན་རིན་པོ་ཆེ་མཆོག་ལ་ཕེབས་བསུ་ཞུས།
          པཎ་ཆེན་རིན་པོ་ཆེ་མཆོག་ལྷ་ས་ནས“བསྐྱར་དར་རྟགས་ཅན”གྱི་ས་མཐོའི་སྒུལ་ཤུགས་མེ་འཁོར་ལ་བཞུགས་ཏེ་ གཞིས་ཀ་རྩེ་གྲོང་ཁྱེར་དུ་ཕེབས་ཤིང་། བཀྲ་ཤིས་ལྷུན་པོ་དགོན་གྱི་ཐང་ཆེན་དུ་པཎ་ཆེན་རིན་པོ་ཆེ་མཆོག་ཕེབས་པ་དང་བསྟུན་ནས་དུང་དང་རྒྱ་གླིང་གི་སྒྲ་ལྷང་ལྷང་དུ་གྲགས་པ་དང་བསང་དུད་ལྷོག་ལྷོག་ཏུ་འཕྱུར་ཞིང་། བཀྲ་ཤིས་ལྷུན་པོ་དགོན་གྱི་དགེ་འདུན་པ་ཚོས་བོད་བརྒྱུད་ནང་བསྟན་གྱི་ཕྱག་སྲོལ་ལྟར་པཎ་ཆེན་རིན་པོ་ཆེ་མཆོག་ཕེབས་བསུ་ཞུས་པ་རེད། ཡུལ་དངོས་སུ་པཎ་ཆེན་རིན་པོ་ཆེ་མཆོག་ཕེབས་པར་ངང་སྒུག་བྱེད་པའི་དད་ལྡན་མང་ཚོགས་ཀྱིས་ཞྭ་མོ་ཕུད་ནས་གུས་འདུད་ཞུས་པ་མ་ཟད་ཐལ་མོ་སྙིང་ཁར་སྦྱར་ནས་པཎ་ཆེན་རིན་པོ་ཆེ་མཆོག་ཕེབས་པར་སྤྲོ་སེམས་འཁོལ་བའི་ངང་བསུ་བ་ཞུས་པ་རེད།

པཎ་ཆེན་རིན་པོ་ཆེ་མཆོག་བཀྲ་ཤིས་ལྷུན་པོ་དགོན་གྱི་ཚོགས་ཆེན་འདུ་ཁང་དུ་ཕེབས་པ།

པཎ་ཆེན་རིན་པོ་ཆེ་མཆོག་གིས་བཀྲ་ཤིས་ལྷུན་པོ་དགོན་དོ་དམ་ཨུ་ལྷན་གྱི་དགེ་འདུན་པ་དང་བླ་མར་མཇལ་ཁ་གནང་བ།
          པཎ་ཆེན་རིན་པོ་ཆེ་མཆོག་བཀྲ་ཤིས་ལྷུན་པོ་དགོན་གྱི་གཟིམ་སྒོ་ནས་རླངས་འཁོར་ལས་བབས་རྗེས་དགེ་འདུན་པའི་སེར་འཕྲེང་བསྒྲིགས་ནས་ཕེབས་བསུ་ཞུས་ཤིང་། རྡོ་གཅལ་ཆེ་མོ་བརྒྱུད་དེ་ཚོགས་ཆེན་འདུ་ཁང་དུ་ཕེབས་པ་དང་། པཎ་ཆེན་རིན་པོ་ཆེ་མཆོག་གིས་ཚོགས་ཆེན་འདུ་ཁང་ནང་གི་སྟོན་པ་ཤཱཀྱ་མུ་ནེའི་སྐུ་བརྙན་དང་བོད་བརྒྱུད་ནང་བསྟན་གྱི་དགེ་ལུགས་པའི་སྲོལ་གཏོད་མཁན་རྗེ་ཙོང་ཁ་པའི་སྐུ་བརྙན་ལ་སྐུ་ཕྱག་ཕུལ་བ་དང་འབྲེལ། དགེ་འདུན་པ་ཚོ་དང་ལྷན་དུ་ཞལ་འདོན་གནང་རྗེས་གཟིམ་ཆུང་བླ་བྲང་དུ་ཕེབས། ཉིན་དེའི་ཕྱི་དྲོར་པཎ་ཆེན་རིན་པོ་ཆེ་མཆོག་ཁྲི་ལ་བཞུགས་ཏེ་བཀྲ་ཤིས་ལྷུན་པོ་དགོན་དོ་དམ་ཨུ་ཡོན་ལྷན་ཁང་གི་དགེ་འདུན་པ་དང་བླ་མ་སྐྱེས་ཆེན་ཚོར་མཇལ་ཁ་གནང་བ་དང་འབྲེལ་ཁོང་ཚོར་ཕྱག་དབང་ཡང་གནང་ལ། བླ་མ་སྐྱེས་ཆེན་རྣམས་དང་ལྷན་དུ་སྨོན་ལམ་གསོལ་བ་རེད།

པཎ་ཆེན་རིན་པོ་ཆེ་མཆོག་གིས་བཀྲ་ཤིས་ལྷུན་པོ་དགོན་དུ་ཆོས་ལུགས་ཀྱི་མཛད་སྒོ་སྤེལ་བ།

པཎ་ཆེན་རིན་པོ་ཆེ་མཆོག་གིས་བཀྲ་ཤིས་ལྷུན་པོ་དགོན་དུ་ཆོས་མཇལ་གནང་སྐབས་དད་ལྡན་མང་ཚོགས་དང་ཡུལ་སྐོར་བར་ཕྱག་གཡུག་གཡུག་གནང་ནས་གུས་ལན་གནང་བ།
          པཎ་ཆེན་རིན་པོ་ཆེ་མཆོག་གིས་བཀྲ་ཤིས་ལྷུན་པོ་དགོན་དུ་སྲིད་གསུམ་རྣམ་རྒྱལ་གསེར་གདུང་ལྷ་ཁང་དང་བྱམས་ཁང་སོགས་ལྷ་ཁང་གཙོ་བོ་ཁག་ལ་མཆོད་མཇལ་ཞུས་ཤིང་། པཎ་ཆེན་རིན་པོ་ཆེ་མཆོག་ལྷ་ཁང་རེ་རེར་ཕེབས་ནས་བླ་མ་སྐྱེས་ཆེན་དང་ལྷན་དུ་ཞལ་འདོན་གནང་བ་དང་ནས་གཏོར་ནས་ཆར་ཆུ་དུས་སུ་འབབ་པ་དང་རྒྱལ་དར་དམངས་བདེ་ཡོང་བའི་སྨོན་ལམ་བཏབ་གནང་བ་རེད། ཆོས་ལུགས་ཀྱི་ཆོ་ག་ལྟར་བཀྲ་ཤིས་ལྷུན་པོ་དགོན་གྱི“རྩེ་དགོན་ཁང”གི་དགེ་འདུན་པས་སེར་འཕྲེང་བསྒྲིགས་ནས་པཎ་ཆེན་རིན་པོ་ཆེ་མཆོག་བདེ་ཆེན་སྐལ་བཟང་ཕོ་བྲང་དུ་ཕེབས་བསུ་ཞུས།

པཎ་ཆེན་རིན་པོ་ཆེ་མཆོག་གིས་བཀྲ་ཤིས་ལྷུན་པོ་དགོན་གྱི་ལྷ་ཁང་དུ་མཆོད་མཇལ་གནང་བ།

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1