ཞི་ཅིན་ཕིང་ནས་མི་རིགས་མཐུན་སྒྲིལ་ལ་གཞིགས་ཏེ་འདིར་རྟོག་ཞིབ་གནང་།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས། སྤེལ་དུས། 08-27



      སྤྱི་ཟླ་8པའི་ཚེས་24ཉིན། ཞི་ཅིན་ཕིང་ཁྲེང་ཏེ་ཡི་རྟེན་རྫས་བཤམས་མཛོད་ཁང་འདིར་ཕེབས་ནས་མི་རིགས་མཐུན་སྒྲིལ་ལ་གཞིགས་ཏེ་རྟོག་ཞིབ་གནང་ཡོད། 

△བརྙན་མཐོང་འདི་བརྒྱུད་ནས་ཁྲེང་ཏེ་རྟེན་རྫས་བཤམས་མཛོད་ཁང་ལ་གཟིགས་དང་། 

རྟེན་རྫས་བཤམས་མཛོད་ཁང་གི་ཚོས་གཞི་སྐྱ་བོ་ཡིན་པས་ཉེ་འཁོར་གྱི་གནའ་ཤུལ་ཁག་གི་ཁྲོད་མངོན་གསལ་དོད་པོ་མེད།
     ཁྲེང་ཏེ་རྟེན་རྫས་བཤམས་མཛོད་ཁང་དེ་ཁྲེང་ཏེ་ཚ་གཡོལ་རི་གྲོང་གི་བྱང་ཤར་དུ་གནས་པ་དང་། སྤྱི་ལོ་2019ལོའི་ཟླ་11པའི་ཚེས་18ཉིན་དངོས་སུ་སྒོ་ཕྱེ་ཡོད། ས་ཁྱོན་ལ་སྨི་ངོས་གྲུ་མ་ཁྲི་5.4ཙམ་ཡོད་པ་དང་། བཤམས་མཛོད་ཁང་དེ་ས་སྟེང་གི་ཐོགས་བརྩེགས་གཅིག་དང་ས་འོག་གི་ཐོག་བརྩེགས་གཅིག་ལས་གྲུབ་ཅིང་། སྤྱིའི་འཛུགས་སྐྲུན་རྒྱ་ཁྱོན་ལ་སྨི་ངོས་གྲུ་མ་ཁྲི་2.5ཡོད། དེ་དག་རིག་དངོས་འགྲེམ་སྟོན་ཚོམས་ཆེན་6དང་། གནས་སྐབས་འགྲེམ་ཁང་2 དེ་བཞིན་ནུས་མང་ཚོམས་ཆེན་དང་། རིག་དངོས་བང་མཛོད། རིག་དངོས་གཟིགས་དཔྱད་ཁང་། རིག་གནས་འཆད་འཁྲིད་ཁང་། མངོན་མིན་རིག་གནས་ཤུལ་བཞག་ལག་ཤེས་བཟོ་རྩལ་ཁང་། རིག་གཏོད་ཐོན་ལས་འགྲེམ་སྟོན་ཚོང་ཁང་སོགས་ལས་གྲུབ། བཤམས་མཛོད་ཁང་ནང་གི་རིག་དངོས་མང་ཆེ་བ་ཆིང་རྒྱལ་རབས་ཀྱི་གོང་མའི་ཕོ་བྲང་གི་ནང་སྲིད་ལས་ཤག་བཟོ་གཉེར་ཁྲུའུ་དང་ཡང་ཞིན་ཏན་བཟོ་སྐྲུན་དོན་གཅོད་ཁང་གིས་བཟོ་སྐྲུན་གྱི་འགན་འཁུར་བ་ཤ་སྟག་ཡིན་པས། ཆིང་རྒྱལ་རབས་ཀྱི་བཟོ་རྩལ་གྱི་ཆུ་ཚད་མཐོ་ཤོས་མཚོན་གྱི་ཡོད།

      ཁྲེང་ཏེ་རྟེན་རྫས་བཤམས་མཛོད་ཁང་གི་གནས་ཡུལ་དེ་ཐུན་མོང་མ་ཡིན་པ་ཞིག་ཡོད་པ་སྟེ། རིག་དངོས་སྲུང་སྐྱོབ་ཀྱི་སྣེ་རིགས་གཉིས་པའི་འཛུགས་སྐྲུན་ཚོད་འཛིན་ཁྱབ་ཁོངས་ནང་དང་། རི་གྲོང་ཕྱི་རོལ་གྱི་དགོན་བརྒྱད་མཛེས་ལྗོངས་ཁུལ་གྱི་རིམ་པ་གསུམ་པའི་སྲུང་སྐྱོབ་ཁུལ་ནང་གནས་ཤིང་། ཐོག་ཁང་གཙོ་བོ་གཅིག་དང་། ཆ་སྦྱོར་ཐོག་ཁང་གཉིས། དེ་བཞིན་ཁང་པའི་ཕྱི་རོལ་གྱི་ལས་གྲྭ་བཅས་ལས་གྲུབ། 
      ༼ལྕགས་རི་རིང་པོའི་ཕྱི་ནང་ལ་བལྟ་བ།——ཆིང་མངའ་ཐང་རྒྱས་པའི་སྐབས་ཀྱི་མི་རིགས་མཐུན་སྒྲིལ་གྱི་གནས་ཚུལ་དངོས་བྲིས་༽ཞེས་པའི་འགྲེམ་སྟོན་དེ་ཁྲེང་ཏེ་རྟེན་རྫས་བཤམས་མཛོད་ཁང་ནང་ཡུན་རིང་འགྲེམ་སྟོན་བྱས་ཡོད། མི་རིགས་མཐུན་སྒྲིལ་དེ་འགྲེམ་སྟོན་གྱི་བརྗོད་དོན་གཙོ་བོར་བཞག་ཐོག གོང་མ་ཁང་ཞི་དང་། ཡུང་ཀྲེང་། ཆན་ལུང་བཅས་རྒྱལ་རབས་གསུམ་གྱི་སྔ་ཕྱིའི་གོ་རིམ་ལྟར། ཆིང་སྲིད་གཞུང་གི་རྒྱལ་སྐྱོང་བྱེད་ཕྱོགས་དང་། མི་རིགས་མཐུན་སྒྲིལ་ལ་སྲུང་སྐྱོང་བྱེད་ཚུལ། རྒྱལ་ཁབ་གོང་བུ་གཅིག་གྱུར་ལ་སྲུང་སྐྱོབ་བྱེད་ཚུལ་བཅས་ཀྱི་ལོ་རྒྱུས་མཛད་རྗེས་འགྲེམ་སྟོན་བྱས་ཡོད། 

        འགྲེམ་སྟོན་དེར་རིག་དངོས་ཁག་455འགྲེམ་སྟོན་བྱས་ཡོད་པ་དང་། ཁྲེང་ཏེ་ནི་གནའ་བོའི་བྱང་ཕྱོགས་འབྲོག་པའི་ཤེས་དཔལ་དང་དབུས་རྒྱུད་ཞིང་ལས་ཤེས་དཔལ་གྱི་འབྲེལ་མཚམས་དང་། ཆིང་རྒྱལ་རབས་ཀྱི་ཆབ་སྲིད་ཐད་ཀྱི་ཡན་ལག་ལྟེ་གནས་ཡིན་པའི་བྱེད་ནུས་དམིགས་བསལ་ཅན་དེ་གསོན་ཉམས་དོད་པོས་འགྲེམ་སྟོན་བྱས་ཡོད། 

བཤམས་མཛོད་ཁང་ནང་གི་རིག་དངོས་གཙོ་བོ་ཁྲི་ལོར་བརྟན་པའི་མཆོད་རྟེན་ཞེས་པ་དེ་ནི་གོང་མ་ཆན་ལུང་གིས་པཎ་ཆེན་སྐུ་ཕྲེང་དྲུག་པ་ཁྲེང་ཏེ་རུ་མཇལ་ཞུར་ཕེབས་པར་བསུ་བ་ཞུ་ཆེད། ཆེད་མངགས་གོང་མའི་ཡུམ་བཞུགས་སའི་ཚེ་ཉིང་ཕོ་བྲང་ཧྭ་ཡོན་པའོ་ཤང་ཐོག་ཁང་ནས་ཁྲེང་ཏེ་བཀྲ་ཤིས་ལྷུན་པོ་དགོན་པར་སྤོ་རུ་བཅུག་པ་ཞིག་རེད།
     སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སྤྱི་ལོ་2017ལོར་ཀོང་ཞི་རུ་རྟོག་ཞིབ་གནང་སྐབས། རྟེན་རྫས་བཤམས་མཛོད་ཁང་རེ་རེ་ནི་སློབ་གྲྭ་ཆེན་མོ་རེ་རེ་ཡིན་ཞེས་གསུངས་གནང་ཡོད།  ཁྲེང་ཏེ་རྟེན་རྫས་བཤམས་མཛོད་ཁང་ནི་ཁྲེང་ཏེའི་ལོ་རྒྱུས་རིག་གནས་དང་སྤྱི་ཚོགས་གོང་འཕེལ་སོགས་ཆ་ཕྱོགས་མང་པོའི་གྲུབ་འབྲས་མཚོན་པའི་སྤྱི་པའི་རིག་གནས་ཞབས་ཞུའི་སྒྲིག་ཆས་ཤིག་ཡིན་ཞིང་། དེས་མང་ཚོགས་རང་བཞིན་གྱི་རིག་གནས་བྱེད་སྒོ་ཕུན་སུམ་ཚོགས་སུ་གཏོང་བ་དང་། རིག་དངོས་སྲུང་སྐྱོབ་བེད་སྤྱོད་དང་རིག་གནས་ཤུལ་བཞག་རྒྱུན་འཛིན་ལ་ཤུགས་སྣོན་བཞིན་ཡོད། 
ཞི་མཐུན་ཁྲེང་ཏེ། ལོ་རྒྱུས་རིག་གནས་རྒྱུན་འཛིན། 
མི་རིགས་མཐུན་སྒྲིལ། དུས་རབས་ཀྱི་ཉམས་བཟང་མངོན།

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1