༄༅།། འཇིག་རྟེན་འཕུར་སྐྱོད་པས་བར་སྣང་ཁམས་སུ་ཟ་མ་ཇི་ལྟར་བསྟེན་དགོས་སམ།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།མཚོ་སྔོན་བོད་ཡིག་གསར་འགྱུར། སྤེལ་དུས། 08-31


        སའི་གོ་ལའི་སྟེང་དང་མཚུངས་པར། འཇིག་རྟེན་འཕུར་སྐྱོད་པ་ཚོས་ཀྱང་བར་སྣང་ཁམས་ནས་གཏན་འཁེལ་གྱི་དུས་ཚོད་ནང་།ཆུ་དང་ཟ་མ་བསྟེན་དགོས་པར་མ་ཟད། ད་དུང་དབུགས་འབྱིན་རྔུབ་བྱེད་པ་དང་གཉིད་ལོག་དགོས་པ་རེད། བར་སྣང་ཁམས་སུ་སའི་གོ་ལའི་འཐེན་ཤུགས་མེད་པས། དངོས་པོ་ཚང་མ་ལྗིད་ཤོར་གྱི་གནས་སུ་གྱར་ཡོད་པས་ཁ་ལ་ཟ་མ་བཟའ་རྒྱུ་ནི་ལས་སླ་པོ་ཞིག་མིན། གལ་ཏེ་ཟས་རིགས་དེ་གཏན་འཇགས་མིན་པའི་གནས་སུ་བཞག་ན།ཟས་རིགས་བར་སྣང་དུ་གཡེང་འགྲོ་བས།བསྟེན་འདོད་ཀྱང་བསྟེན་དཀའ་བ་རེད། རྙོག་དྲ་མི་ཡོང་བའི་ཆེད་དུ་འཇིག་རྟེན་འཕུར་སྐྱོད་པའི་ཟ་མ་དང་དངོས་པོ་ཚང་མ་འབྱར་བག་ཅན་ཏུ་བཟོས་ཡོད། བར་སྣང་ཁམས་སུ། མིས་ཕྱེ་མའི་རིགས་ཀྱི་ཟས་རིགས་ཟ་མི་རུང་། རྒྱུ་མཚན་ནི་ཕྱེ་མ་བར་སྣང་ཁམས་སུ་གཡེང་སྲིད་པ་དང་།གལ་ཏེ་འཇིག་རྟེན་འཕུར་སྐྱོད་པས་གཟབ་གཟབ་མ་བྱས་ཚེ་གློ་བའི་ནང་དུ་རྔུབ་སྟེ་ཚེ་སྲོག་ལ་ཉེན་ཁ་བཟོ་སྲིད།
        དུས་རབས20པའི་ལོ་རབས80པ་ནས་བཟུང་། འཇིག་རྟེན་འཕུར་སྐྱོད་པའི་ཚན་རྩལ་འཕེལ་རྒྱས་བྱུང་བ་དང་བསྟུན་ནས། རྒྱལ་ཁབ་ཁག་གིས་འཇིག་རྟེན་འཕུར་སྐྱོད་པའི་བཟའ་བཏུང་གནད་དོན་ལ་སྔར་བས་མཐོང་ཆེན་བྱེད་མགོ་བརྩམས་པ་དང་། འཇིག་རྟེན་འཕུར་སྐྱོད་པའི་ཟས་རིགས་ལའང་འགྱུར་ལྡོག་ཆེན་པོ་བྱུང་ཡོད། བཙུར་གནོན་བྱས་ཡོད་པའི་ཟས་རིགས་དང་། ཆུ་འདོར་ཟས་རིགས། ཐུམ་བརྒྱབ་ཡོད་པའི་ཟས་རིགས་སོགས་གཅིག་རྗེས་གཉིས་མཐུད་དུ་ཐོན་ཡོད་ལ། གཞན་ད་རུང་ཆེད་དུ་སྟབས་བདེའི་ཟ་ཁང་བཙུགས་ཡོད་པས་ཟས་རིགས་སྔར་བས་ཚན་རིག་དང་མཐུན་པ་དང་། བྲོ་བ་ཞིམ་པ། འཚོ་བཅུད་ཕུན་སུམ་ཚོགས་པ་བཅས་ཡིན་པར་མ་ཟད། མི་རིགས་ཀྱི་ཁྱད་ཆོས་ཀྱང་ལྡན་ཡོད། དེ་ལྟར་བྱས་ན། འཇིག་རྟེན་འཕུར་སྐྱོད་པའི་བསམ་བློ་སྙོམས་སྒྲིག་བྱས་ཏེ། ཁོ་ཚོས་སྔར་ལས་བཟང་བའི་སྒོ་ནས་བྱ་བ་སྒྲུབ་པར་ཕན་པ་ཡོད། །


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1