མི་ནི་སྐྱེ་ཁམས་བདེ་འཇགས་ཀྱི་མཐར་ཐུག་ལྟ་སྲུང་པ་ཡིན།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།མཚོ་སྔོན་བོད་ཡིག་གསར་འགྱུར། སྤེལ་དུས། 08-31



གཏམ་རྒྱུད་ཐུང་ཐུང་ཞིག་དང་སྐྱེ་ཁམས་ཀྱི་མྱོང་ཚོར་ཕྲན་བུ།
        རྒྱལ་སྤྱིའི་སྐྱེ་ཁམས་ཆེད་མཁས་པ་སྐོར་ཞིག་ཆེད་དུ་ཨ་མེ་རི་ཁའི་རྒྱལ་ཁབ་ཧོང་ཧྲི་སྤྱི་གླིང་དུ་སོང་ནས་རྟོག་ཞིབ་སློབ་སྦྱོང་བྱས་ལ། སྐབས་དེར་རྒྱལ་ཁབ་ཧོང་ཧྲི་སྤྱི་གླིང་ཁྱབ་སྤེལ་བཞིན་པའི་ཨ་མེ་རི་ཁའི་ཆེད་མཁས་པ་ན་ས་ནེལ•ལན་ཧྥུར་ཏི་ལ་མཇལ་ཞུ་བྱས་པར་མ་ཟད། བརྗེ་རེས་གཏིང་ཟབ་བྱས། གཤམ་གསལ་ནི་རྒྱལ་སྤྱིའི་སྐྱེ་ཁམས་ཆེད་མཁས་པ་འགའ་དང་ཨ་མེ་རི་ཁའི་ཆེད་མཁས་པ་ན་ས་ནེལ•ལན་ཧྥུར་ཏིའི་ཁ་བརྡ་རེད།
        རྒྱལ་སྤྱིའི་ཆེད་མཁས་པས། ཨ་མེ་རི་ཁའི་རྒྱལ་ཁབ་ཧོང་ཧྲི་སྤྱི་གླིང་ནི་འཛམ་གླིང་སྟེང་གི་ཆེས་སྔ་བའི་རྒྱལ་ཁབ་སྤྱི་གླིང་ཡིན་ལ། འཛམ་གླིང་སྟེང་གི་རྒྱལ་ཁབ་སྤྱི་གླིང་མང་པོའི་མིག་དཔེའང་རེད། དེ་འཛུགས་སྐྲུན་བྱས་པའི་ཉམས་མྱོང་དང་བླངས་པའི་གྲུབ་འབྲས་ནི་སློབ་སྦྱོང་དང་དཔྱད་གཞིར་འཛིན་འོས་པ་ཞིག་རེད།
        ན་ས་ནེལ•ལན་ཧྥུར་ཏིས། ང་ཚོས་ཨ་མེ་རི་ཁའི་རྒྱལ་ཁབ་ཧོང་ཧྲི་སྤྱི་གླིང་བཙུགས་མོད། འོན་ཀྱང་ང་ཚོར་བློ་འགྱོད་ཧ་ཅང་ཆེན་པོ་ཞིག་བཞག་སོང་།
        རྒྱལ་སྤྱིའི་ཆེད་མཁས་པས། ཡིན་མི་སྲིད། འདི་ལྟ་བུའི་རྒྱལ་ཁབ་སྤྱི་གླིང་མཛེས་པོ་ཞིག་བཙུགས་པར། བློ་འགྱོད་ཇི་ལྟར་སྐྱེ་སྲིད།
        ན་ས་ནེལ•ལན་ཧྥུར་ཏིས། སྐབས་དེར་ང་ཚོའི་བློ་འགྱོད་ཆེ་ཤོས་ནི་དབྱིན་ཏི་ཨན་པ་རྣམས་སྤྱི་གླིང་ནས་གནས་སྤོར་དུ་བཅུག་པ་དེ་རེད། དང་ཐོག་ང་ཚོས་དབྱིན་ཏི་ཨན་པས་སྲོག་ཆགས་མང་པོ་གསོད་པ་དང་། དུས་ངེས་མེད་དུ་རྩྭ་ཐང་ཆེན་མོ་དང་གདོད་མའི་ནགས་ཚལ་མེར་གཏོང་བ་སོགས།སྐྱེ་ཁམས་ལ་གཏོར་བརླག་ཚབས་ཆེན་གཏོང་སྲིད་སྙམ་བྱུང་། དེར་བརྟེན། ཨ་མེ་རི་ཁ་སྲིད་གཞུང་གིས་དབྱིན་ཏི་ཨན་པ་ཚོ་ཧོང་ཧྲི་སྤྱི་གླིང་ནས་གནས་སྤོར་དུ་འཇུག་རྒྱུ་ཐག་བཅད།
        རྒྱལ་སྤྱིའི་ཆེད་མཁས་པས། སྐྱེ་ཁམས་ཇེ་ལེགས་ལ་སོང་ངམ།
        ན་ས་ནེལ•ལན་ཧྥུར་ཏིས། དབྱིན་ཏི་ཨན་པ་ཚོ་ཧོང་ཧྲི་སྤྱི་གླིང་ནས་གནས་སྤོར་དུ་བཅུག་སྟེ་ཅང་མ་འགོར་བར། སྤྱི་གླིང་ནང་གི་ཤྭ་བ་རྔ་རིང་དང་། རྔ་མོང་ཤྭ་བ། དྲེལ་ཤྭ་བ། ཤྭ་བ་རྔ་དཀར་སོགས་ཆེས་ཆེར་འཕེལ་བས། སྐྱེ་ཁམས་ལ་དོ་མི་མཉམ་པ་བྱུང་། ཨ་མེ་རི་ཁ་སྲིད་གཞུང་གིས་འཛམ་གླིང་གི་ས་ཆ་སོ་སོ་ནས་སྤྱང་ཀིའི་རིགས་སྣ་ཚོགས་ནང་འདྲེན་བྱས་ཏེ་སྐྱེ་ཁམས་ཀྱི་གནོན་ཤུགས་ཆུང་དུ་བཏང་བར། ཕན་ནུས་མངོན་གསལ་ཐོབ། ཡིད་སྐྱོ་བ་ཞིག་ལ་སྤྱང་ཀིའི་རིགས་ཀྱང་ཆེས་ཆེར་འཕེལ།
        རྒྱལ་སྤྱིའི་ཆེད་མཁས་པས། བཙོག་པ་ལ། ཇི་ལྟར་བྱ།
        ན་ས་ནེལ•ལན་ཧྥུར་ཏིས། ཤ་ཟན་སྲོག་ཆགས་ཆེས་ཆེར་འཕེལ་བ་དེ་མཐར་ཐུག་དབྱིན་ཏི་ཨན་པ་ལ་བརྟེན་ནས་ཚོད་འཛིན་བྱ་དགོས་བྱུང་།
        རྒྱལ་སྤྱིའི་ཆེད་མཁས་པས། མྱུར་དུ་དབྱིན་ཏི་ཨན་པ་ཚོ་ཕྱིར་སྤྱི་གླིང་ནང་སྤོར་དུ་བཅུག་ན།
        ན་ས་ནེལ•ལན་ཧྥུར་ཏིས། འཕྱི་དྲགས་སོང་།
        རྒྱལ་སྤྱིའི་ཆེད་མཁས་པས། ཅིའི་ཕྱིར།
        ན་ས་ནེལ•ལན་ཧྥུ་ཏིས། སྐབས་དེར་དབྱིན་ཏི་ཨན་པ་རྣམས་ལ་མངའ་བའི་སྐྱེ་ཁམས་བཅོས་སྐྱོང་གི་ནུས་པ་དེ་སྔ་མོ་ནས་མེད་པར་གྱུར་འདུག
        རྒྱལ་སྤྱིའི་ཆེད་མཁས་པས། ཆེས་ཆེར་འཕེལ་བའི་སྤྱང་ཚོགས་ཅི་ལྟར་བྱ།
        ན་ས་ནེལ•ལན་ཧྥུར་ཏིས། སྤྱང་ཀི་ལ་དགྲ་བོ་མེད་པར་གྱུར་པས་ཨ་མེ་རི་ཁ་སྲིད་གཞུང་གིས་དུས་བཅད་ལྟར་གསོད་པར་བརྟེན་དགོས་བྱུང་།
        མྱོང་ཚོར། རྩྭ་ཐང་དང་སྲོག་ཆགས་དང་མི་བཅས་ནི་སྐྱེ་ཁམས་འཁོར་རྒྱུག་མ་ལག་ནང་གི“གྲུབ་ཆ་གསུམ”ཡིན་ལ། སྐྱེ་ཁམས་ལ་གནད་དོན་འབྱུང་ཐེངས་རེར། ཕལ་ཆེ་བ་མི་དང་ཐད་ཀར་འབྲེལ་བ་ཡོད་དེ། རྒྱུ་མཚན་ནི་མི་ནི་སྐྱེ་ཁམས་བདེ་འཇགས་ཀྱི་མཐར་ཐུག་གི་སྙོམས་འཛིན་པ་ཡིན། དེའི་སྟབས་ཀྱིས་ང་ཚོས་ཁོར་ཡུག་དང་ས་ཁོངས་མི་འདྲ་བའི་སྐྱེ་ཁམས་བཅོས་སྐྱོང་བྱེད་སྐབས། ངེས་པར་ཁོར་ཡུག་དང་ས་ཁོངས་མི་གཅིག་པའི་འོག་གི་མིའི་སྐྱེ་ཁམས་བྱ་སྤྱོད་ལ་བཀོད་སྒྲིག་བྱ་དགོས། འོན་ཀྱང་མི་ནི་སྐྱེ་ཁམས་མ་ལག་ཁྲོད་གཏན་ནས་ཐད་ཀར་གནས་སྤོར་བྱེད་དུ་འཇུག་མི་རུང་ལ། འདིའི་རིགས་ཀྱི་ཐལ་དྲགས་བྱ་སྤྱོད་ནི་དཔེར་ན་སྨན་པས་ནད་པར་མཆིན་ནད་ཡོད་པ་ཤེས་རྗེས། ཐད་ཀར་ནད་པའི་མཆིན་པ་བླངས་པ་དང་མཚུངས། དེའི་སྟབས་ཀྱིས་ང་ཚོར་འདི་ལྟ་བུའི་ངོས་ཟིན་ཞིག་ཡོད་འོས་ཏེ། འགྲོ་བ་མིས་རང་བྱུང་སྐྱེ་ཁམས་ཀྱི་ཐལ་དྲགས་པའི་བྱ་སྤྱོད་དམ་ཡང་ན་ངན་པ་འཇོལ་ཉོག་བྱས་པ་གང་ཡིན་ཡང་ཚང་མས་སྐྱེ་ཁམས་མཇུག་འབྲས་ཚབས་ཆེན་འབྱུང་དུ་འཇུག་མོད་ཀྱི། འོན་ཏེ་འགྲོ་བ་མིའི་རང་འགུལ་སྙོམས་སྒྲིག་ཁོ་ནས་ད་གཟོད་སྐྱེ་ཁམས་བརྟན་འཇགས་ཕྱོགས་སུ་བསྐྱོད་དུ་འཇུག་ཐུབ་པ་རེད། །


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1