ཀྲུང་དབྱང་སྐུ་ཚབ་ཚོགས་པས་བསྣམས་ཡོང་བའི་དྲན་རྟེན་ཕྱག་རྟགས་སླེབས་བྱུང་།

རྩོམ་སྒྲིག་པ།ཚེ་དཔལ།ཡོང་ཁུངས།ཀྲུང་གོའི་བོད་ལྗོངས་དྲ་བ། སྤེལ་དུས། 08-31



       ཀྲུང་གོའི་བོད་ལྗོངས་དྲ་བའི་འཕྲིན། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་བྱམས་བརྩེའི་ཐུགས་ཁུར་དང་རྒྱལ་ཡོངས་མི་དམངས་ཀྱི་མཛའ་བརྩེ་ཟབ་མོ་མཚོན་པར་བྱ་ཆེད། བོད་ལྗོངས་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་ངོ70འཁོར་བར་རྟེན་འབྲེལ་ཞུ་བའི་བྱེད་སྒོར་ཞུགས་མཁན་ཀྲུང་དབྱང་སྐུ་ཚབ་ཚོགས་པས་བོད་ལྗོངས་ལ་དྲན་རྟེན་ཕྱག་རྟགས་སྣ་མང་པོ་ཕུལ་ཡོད་དེ། ཟླ8པའི་ཚེས23ཉིན་གྱི་ཕྱི་དྲོར། བོད་རང་སྐྱོང་ལྗོངས་ནག་ཆུ་གྲོང་ཁྱེར་འབྲི་རུ་རྫོང་གིས་ཀྲུང་དབྱང་སྐུ་ཚབ་ཚོགས་པས་ ཕྱག་རྟགས་སྤྲོད་པའི་མཛད་སྒོ་འཚོགས་པ་རེད།
 
       ཕྱག་རྟགས་སྤྲོད་པའི་མཛད་སྒོའི་ཡུལ་དངོས། 
       དུས་ཡུན་རིང་པོའི་ཁྲོད། ལྷག་པར་དུ་ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པ་འཚོགས་ཚུན། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་ཐོག་མཐའ་བར་གསུམ་དུ་བོད་ལྗོངས་ཀྱི་ལས་དོན་དེ་སྔར་བས་མངོན་གསལ་དོད་པའི་གནས་བབ་ཐོག་བཞག་སྟེ། ཏང་དང་རྒྱལ་ཁབ་ཀྱི་ལས་དོན་གྱི་གནས་བབ་ཧྲིལ་པོའི་ཁྲོད། བོད་ལྗོངས་ཀྱི་ལས་དོན་གྱི་གལ་ཆེའི་འཐབ་ཇུས་གནས་བབ་དེ་སྔར་བྱུང་མྱོང་མེད་པའི་མཐོ་ཚད་ལ་སླེབས་པ་བྱས་ནས།  སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བོད་ལྗོངས་ཀྱི་ལས་དོན་ལ་མཛུབ་སྟོན་གལ་ཆེན་ཐེངས་མང་གནང་བ་དང་སྐུ་ངོ་མས་བོད་ལྗོངས་ཀྱི་ལས་དོན་ལ་ཁ་ཕྱོགས་གཏན་འཁེལ་དང་བཀོད་སྒྲིག་གནང་སྟེ། ཐག་གཅོད་བྱེད་འདོད་ཡོད་ཀྱང་ཐག་གཅོད་བྱེད་ཐུབ་མེད་པའི་བྱ་བ་མང་དག་ཅིག་ཐག་གཅོད་བྱེད་རོགས་གནང་བ་མ་ཟད། དེ་སྔ་སྒྲུབ་འདོད་ཡོད་ཀྱང་སྒྲུབ་མ་ཐུབ་པའི་དོན་ཆེན་མང་པོ་ཞིག་བསྒྲུབས་གནང་བ་རེད། 
       ཀྲུང་དབྱང་སྐུ་ཚབ་ཚོགས་པས་གནང་པའི་ཕྱག་རྟགས་ལ་ཁྱོན་རྣམ་གྲངས་ཆེ་གྲས10ཡོད་པ་དེའི་ནང་རྟེན་འབྲེལ་ཞུ་བྱང་དང་། རྟེན་འབྲེལ་གོས་དར། གཙོ་འཛིན་གྱི་སྐུ་པར། གུ་གུ་ཤའི་ཡོ་བྱད། གོས་འཁྲུད་འཕྲུལ་ཆས། གློག་གི་བག་སླང་། བདེ་ཐང་སྨན་ཁུག ཁྲག་ཤེད་འཇལ་ཆས། ཉལ་ཆས་ཆ་ཚང་། སྒྲ་སྐྱེད་སྒམ། དཔེ་དེབ་བཅས་ཚུད་ཡོད་པ་རེད། བོད་ལྗོངས་ཀྱི་མང་ཚོགས་ཀྱི་དགོས་མཁོ་དངོས་ལ་བསམ་གཞིག་གང་ལེགས་བྱས་ཡོད་ལ་མི་རིགས་ཀྱི་གོམས་སྲོལ་དང་མཐུན་ཡོད་པས་སྤྱོད་གོ་ཆོད་ལ་སྤུས་ཚད་ཀྱང་འགན་ལེན་བྱས་ཡོད། དེས་ནི་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་བོད་ལྗོངས་ཀྱི་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ལ་བྱམས་བརྩེའི་ཐུགས་ཁུར་གནང་བའི་མཚོན་ཚུལ་ཞིག་རེད། 
       འབྲི་རུ་རྫོང་གི་འབྲེལ་ཡོད་འགན་འཁུར་བས། “རྫོང་ཡོངས་ཀྱི་རྒྱ་ཆེའི་ལས་བྱེད་ལས་བཟོ་བ་དང་ཞིང་འབྲོག་མང་ཚོགས། གྲོང་ཁྱེར་དང་གྲོང་རྡལ་གྱི་གྲོང་མི། དགོན་སྡེ། གྲྭ་བཙུན་བཅས་ཀྱིས་དེ་རིང་གི་ཕྱག་རྟགས་སྤྲོད་པའི་མཛད་སྒོ་གོ་སྐབས་སུ་བརྩིས་ཏེ། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་བོད་ལྗོངས་ཀྱི་ལས་དོན་ལ་ཚད་མཐོའི་མཐོང་ཆེན་དང་བོད་ལྗོངས་མི་དམངས་ལ་བྱམས་བརྩེའི་ཐུགས་ཁུར་གནང་ལུགས་ཁོང་དུ་གཏིང་ཟབ་ཆུད་པ། སྤྱི་ཁྱབ་ཧྲུའུ་ཅིས་བོད་ལྗོངས་ཀྱི་ལས་དོན་ལ་གནང་བའི་མཛུབ་སྟོན་དང་བླང་བྱ་ཁོང་དུ་གཏིང་ཟབ་ཆུད་པ། ‘འདུ་ཤེས་བཞི་’ཟབ་ཏུ་གཏོང་བ། ‘གདེང་ཚོད་བཞི’བརྟན་དུ་གཏོང་བ། ‘སྲུང་སྐྱོང་གཉིས’མཐའ་གཅིག་སྒྲུབ་ཐུབ་པ། ‘ཏང་གི་བཀའ་དྲིན་ཚོར་བ་དང་ཏང་གི་བཀའ་ལ་ཉན་པ། ཏང་གི་རྗེས་སུ་འབྲང་བ’བཅས་ཀྱི་ཡིད་ཆེས་དང་ཆོད་སེམས་སྔར་བས་ཇེ་བརྟན་དུ་གཏོང་བ། ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་བླང་བྱ་གསར་པ་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱེད་པ། སྤྱི་ཁྱབ་ཧྲུའུ་ཅིས་བོད་ལྗོངས་ལ་གནང་བའི་ཆབ་སྲིད་ཀྱི་འགན་འཁྲི་དང་ལོ་རྒྱུས་ཀྱི་ལས་འགན་གལ་ཆེན་མཐའ་གཅིག་ཏུ་འཁུར་བ། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་ཐུགས་ཁུར་དང་གཅེས་སྐྱོང་དེ་ཆབ་སྲིད་ཀྱི་སྒུལ་ཤུགས་དང་བསམ་པའི་སྒུལ་ཤུགས། ལས་ཀའི་སྒུལ་ཤུགས་བཅས་སུ་བསྒྱུར་ཏེ། བརྟན་ལྷིང་འཕེལ་རྒྱས་ཀྱི་སྣོད་བཅུད་སྟོབས་ཆེར་གཏོང་བའི་དོན་ཆེན་བཞི་ཏན་ཏིག་ངང་ལེགས་པར་བསྒྲུབས་ཐོག  མཐུན་སྒྲིལ་དང་། འབྱོར་ཕྱུག ཤེས་དཔལ། ཞི་མཐུན། མཛེས་སྡུག་བཅས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་འཛུགས་སྐྲུན་ཧུར་ཐག་བྱ་ཆེད་སྟོབས་ཤུགས་ལེགས་སྐྱེས་སུ་འབུལ་རྒྱུ་དང་། ཕུལ་བྱུང་གི་གྲུབ་འབྲས་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་དང་ཏང་ཀྲུང་དབྱང་གི་ཐུགས་ཁུར་དང་བྱམས་སྐྱོང་ལ་དྲིན་ལན་གང་ལེགས་འཇལ་ངེས་ཡིན”ཞེས་བཤད་པ་རེད།

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1