༄༅།།མཛེས་པའི་གཟབ་མཆོར་སྐབས་ཀྱི་རྒྱན་ཆ།

མི་གསལ། རྩོམ་སྒྲིག་པ།དབང་ཆེན།ཡོང་ཁུངས།ཁམས་པའི་རིག་གནས་དྲ་བ། སྤེལ་དུས། 09-01


མཛེས་པའི་གཟབ་མཆོར་སྐབས་ཀྱི་རྒྱན་ཆ།

   གནའ་དུས་ལྷ་སའི་བུད་མེད་རྣམས་ཀྱི་རྒྱན་ཆ་མང་པོ་ཞིག་ཉིན་མཚན་ཀུན་ཏུ་ལུས་པོར་གྱོན་པར་བྱེད།ཉེ་རབས་སུ་ལོ་གསར་སོགས་དུས་ཆེན་ཁག་དང་།གཞན་གྱི་ཁྱིམ་དུ་མགྲོན་པོར་འགྲོ་བ།གླིང་ཁ་སོགས་སྤྲོ་སྐྱིད་གཏོང་བ་བཅས་ཀྱི་སྐབས་སུ་ལྷ་སའི་བུད་མེད་རྣམས་ཀྱིས་རང་ཉིད་ལྷ་མོ་ལྟ་བུའི་ཡིད་འོང་གི་མཛེས་མ་ཞིག་ཏུ་བརྒྱན་པར་བྱ་རྒྱུར་སྤྲོ་སྣང་ཆེ་བས་རྒྱན་གོས་གཟབ་མཆོར་རྒྱ་ཆེ་བྱེད།སྤྱིར་བཏང་ཡུལ་མི་རྣམས་དང་།ཛ་ཐལ་མན་གྱི་ལྕམ་ཆུང་རྣམས་ནི་ས་གནས་སྲིད་གཞུང་གི་གཏན་འབེབས་ལྟར་མུ་ཏིག་སྤ་ཕྲུག་གྱོན་མི་ཆོག་པ་མ་གཏོགས་རང་ཉིད་ཀྱི་འཁོས་བབ་ལ་གཞིགས་ཏེ་ལག་ཏུ་འབྱོར་བའི་རིན་པོ་ཆེ་རིན་ཐང་བྲལ་བ་སྣ་ཚོགས་ཀྱིས་རྒྱན་ཆར་ཕྲ་ཚོམ་བཏབ་སྟེ་འདོགས་པར་བྱེད།ལྷ་སའི་བུད་མེད་ཀྱི་རྒྱན་གོས་ཀྱི་དཔེ་མཚོན་དུ་གྱུར་པ་ནི་མཛད་སྟོན་ཆེ་ཁག་ཏུ་རྒྱན་བཟང་མ་ཞེས་པའི་རྒྱན་གོས་གཟབ་པར་སྤུད་པའི་ཁྲུང་ཞུ་མ་རྣམས་ཡིན།རྒྱན་བཟང་མའི་རྒྱན་གོས་ནི་དཔོན་རིགས་ཆེ་གྲས་ཀྱི་ལྷ་ལྕམ་རྣམས་ཀྱི་རྒྱན་གོས་དང་ཧ་ལམ་གཅིག་མཚུངས་སུ་སྣང་།ཉེ་རབས་ཀྱི་སྤྱིར་བཏང་བུད་མེད་དང་ལྷག་དོན་དུ་གཞོན་ནུ་མང་ཆེ་བ་ནི་དེ་ལྟ་བུའི་རྙོག་འཛིང་ཅན་གྱི་རྒྱན་གོས་ནི་རང་གི་དཔལ་འབྱོར་གནས་བབ་དང་དུས་རབས་འཕེལ་རྒྱས་དང་འཚམ་པར་མ་གྱུར་པས་ལོ་གསར་དང་གཉེན་སྒྲིག་བཅས་ཀྱི་སྐབས་སུ་ཞྭ་མོ་ཡང་ཞྭ་ཞིག་གྱོན།བྲང་ཁར་གའུ་རྫུས་ཞེས་རྡོ་རྗེ་ཕ་ལམ་དང་ཛུལ་སོགས་རིན་ཐང་ཆེ་བའི་རིན་པོ་ཆེ་ཡིས་ཕྲ་རྒྱན་བཏབ་ཅིང་བཟོ་དབྱིབས་མེ་ཏོག་དང་ཕྱེ་མ་ལེབ་སོགས་ཤིན་ཏུ་མཛེས་པ་ཅི་རིགས་གའུའི་ཚབ་ཏུ་འདོགས་པར་བྱེད་ལ།གའུ་རྫུས་ཀྱི་འདོགས་ཐག་ལའང་རིན་ཐང་ཆེ་བའི་གཟི་དང་མུ་ཏིག་བཅས་ཀྱིས་མཛེས་པར་བརྒྱན།བྲང་ཁ་གཡོན་མར་འཕྲུལ་འཕྲུལ་ཡིད་དུ་འོང་བ་ཞིག་བཏགས།ཕྱིས་སུ་གསེར་གྱི་རྣ་རྒྱན་དང་།ཚིགས་ཁེབས།དེ་བཞིན་གའུ་དང་།གའུ་རྫུས་ལ་རྡོ་རྗེ་ཕ་ལམ་སོགས་རིན་ཐང་ཆེ་བའི་རིན་པོ་ཆེ་ཡིས་ཕྲ་ཚོམ་རྒྱག་རྒྱུར་དང་ཞེན་ཆེ་བ་སོགས་རྒྱན་ཆ་སྟབས་བདེ་གཏོང་བ་དང་།རིན་ཐང་ཇེ་ཆེར་བཏང་བའི་ཕྱོགས་སུ་འཕེལ་རྒྱས་འགྲོ་བཞིན་ཡོད་པ་རེད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1