ཨ་ཆེན་གངས་རྒྱབ་ཏུ་གཙོད་ཀྱི་ཁ་གྲངས་ཁྲི་7བར་འཕར་ཡོད།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས། མི་དམངས་དྲ་བ། སྤེལ་དུས། 09-01


    ཟླ་8ཚེས་29ཉིན། གསར་འགོད་པས་གཙང་གསུམ་ཆུ་འགོ་རྒྱལ་ཁབ་སྤྱི་གླིང་དོ་དམ་ཅུས་ནས་ཤེས་རྟོགས་བྱུང་གསལ། ཉེ་བའི་ལོ་འགའི་ནང་། ཨ་ཆེན་གངས་རྒྱབ་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་གྱིས་སྲུང་སྐྱོང་ནུས་ཤུགས་བསྟུད་མར་ཇེ་ཆེར་བཏང་ནས། ཕན་ནུས་ལྡན་པའི་ངང་གཙོད་རྔན་པའི་གྱོད་གཞི་ཐོན་པ་བཀག་འགོག་བྱས་ཡོད། སྲུང་སྐྱོང་ཁུལ་ནང་དུ་གཙོད་ཁྱུའི་ཁ་གྲངས་ནི་ཁྲི་2མེད་པ་ནས་གཙོད་ཁྲི་7ལྷག་དུ་འཕར་ཡོད། ཉེ་ཆར། གཞི་རྒྱ་ཆེ་བའི་གཙོད་གནས་སྤོའི་རྣམ་པ་གཟབ་རྒྱས་མཚོ་བོད་མཐོ་སྒང་དུ་སླར་བྱུང་ཡོད། 
   མཚོ་སྔོན་ཞིང་ཆེན་ཡུལ་ཤུལ་བོད་རིགས་རང་སྐྱོང་ཁུལ་རོང་ཤར་རྫོང་ཁོངས་སུ་གནས་པའི་ཨ་ཆེན་གངས་རྒྱབ་ལ་སྤྱིའི་རྒྱ་ཁྱོན་སྨི་གྲུ་བཞི་མ་ཁྲི་4.5ཡོད་པ་དང་། ཆ་སྙོམས་ས་བབ་མཐོ་ཚད་སྨི་4600ཡན་ཟིན་ཡོད། དེར་“མཚོ་བོད་ས་མཐོའི་རྩ་ཆེའི་རི་སྐྱེས་སྲོག་ཆགས་ཀྱི་གཞི་རྒྱུའི་མཛོད”ཅེས་པའི་མཚན་སྙན་ལྡན། དུས་རབས་གོང་མའི་ལོ་རབས་80པར། ཨ་ཆེན་གངས་རྒྱབ་ཀྱི་གཙོད་ལ་གཞི་རྒྱ་ཆེན་པོས་རྔོན་པས་རྔོན་བརྒྱབ་ནས་གྲངས་འབོར་ཁྲི་20ནས་ཁྲི་2ཙམ་ལས་མེད་པར་ཕྱིན་ཡོད།
   1994ལོར། གཙོད་སྲུང་སྐྱོང་བྱ་ཆེད། ཁོར་ཡུག་སྲུང་སྐྱོང་པ་རྒྱལ་བཟང་བསོད་ནམས་དར་རྒྱས་ཀྱིས་ཨ་ཆེན་གངས་རྒྱབ་ཀྱི་མི་མེད་ཁུལ་དུ་མེ་མདའ་བཟུང་ནས་རྔོན་རྒྱག་མཁན་དང་འཐབ་རྩོད་བྱས་པ་དང་། མཐར་རྩ་ཆེའི་ཚེ་སྲོག་བློས་བཏང་ཡོད། ཉེ་བའི་ལོ་ཤས་རིང་། ཨ་ཆེན་གངས་རྒྱབ་ཀྱི་ལས་དོན་མི་སྣས་ཕན་ནུས་ལྡན་པའི་སྲུང་སྐྱོང་བྱེད་ཐབས་མང་པོ་འཚོལ་ཞིབ་བྱས་ནས་གཙོད་ཕྲུག་སྐྱེ་བ་དང་གནས་སྤོ་བར་སྲུང་སྐྱེལ་བྱས་ཡོད།
   2020ལོའི་ཟླ་6ཚེས་8ཉིན། ཨ་ཆེན་གངས་རྒྱབ་ཏུ་ཡུལ་དམག་བདག་སྐྱོང་ཡན་ལག་རུ་ཁག་བཙུགས་ནས“ཡུལ་དམག་+སྣོད་བཅུད་བདག་སྐྱོང་མི་སྣ”ལམ་ལུགས་ཁྱབ་གདལ་བཏང་སྟེ་སྲུང་སྐྱོང་བྱེད་ཤུགས་སྔར་བས་ཆེ་རུ་བཏང་བ་རེད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1