རྒྱལ་ཡོངས་གྲངས་ཉུང་མི་རིགས་ཀྱི་རིག་རྩལ་འཁྲབ་སྟོན་འགོ་ཚུགས།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས། སྤེལ་དུས། 09-02



          སྐབས་དྲུག་པའི་རྒྱལ་ཡོངས་གྲངས་ཉུང་མི་རིགས་ཀྱི་རིག་རྩལ་འཁྲབ་སྟོན་གྱི་འགོ་ཚུགས་མཛད་སྒོའི་རིག་རྩལ་མཚན་ཚོགས་པེ་ཅིང་དུ་འཚོགས་པ་དང་། ཞི་ཅིན་ཕིང་དང་། ལི་ཁེ་ཆང་། ཝང་དབྱང་། ཝང་ཧུའུ་ཉིང་བཅས་ཀྱིས་འཁྲབ་སྟོན་ལ་གཟིགས་པ།

          སྙན་འཇེབས་ལྡན་པའི་གླུ་དབྱངས་ཀྱིས་བདེ་སྐྱིད་འཚོ་བར་བསྟོད། དགའ་སྤྲོ་འཁོལ་བའི་ཞབས་བྲོ་ཡིས་སེམས་ཀྱི་སྤྲོ་བ་མཚོན་པར་བྱེད། སྐབས་དྲུག་པའི་རྒྱལ་ཡོངས་གྲངས་ཉུང་མི་རིགས་ཀྱི་རིག་རྩལ་འཁྲབ་སྟོན་གྱི་འགོ་ཚུགས་མཛད་སྒོའི་རིག་རྩལ་མཚན་ཚོགས་དེ་སྤྱི་ཚེས་31ཉིན་གྱི་མཚན་མོ་པེ་ཅིང་དུ་འཚོགས་པ་རེད། ཞི་ཅིན་ཕིང་དང་། ལི་ཁེ་ཆང་། ཝང་དབྱང་། ཝང་ཧུའུ་ཉིང་སོགས་ཏང་དང་རྒྱལ་ཁབ་ཀྱི་དབུ་ཁྲིད་དང་གཟིགས་མོ་བ་3000ལྷག་ཙམ་གྱིས་མཉམ་དུ་མཚན་ཚོགས་དགྱེས་གཟིགས་གནང་།

          མི་དམངས་ཚོགས་ཁང་ཆེན་མོའི་མི་ཁྲི་ཡི་ཚོམས་ཆེན་དུ་གློག་འོད་རྣམ་པར་བཀྲ་ཞིང་། དགའ་སྤྲོའི་རྣམ་པས་ཁེངས། ཆུ་ཚོད་20ཙམ་ལ། ཞི་ཅིན་ཕིང་སོགས་ཚོགས་རར་ཕེབས་པས་ཚོགས་ར་ཡོངས་སུ་ཐལ་མོའི་རྡེབ་སྒྲས་ཁེངས། སྤྲོ་སྣང་ལྡན་པའི་འགོ་ཚུགས་གླུ་གར་༼མི་རིགས་ཁག་གི་བུ་ཕྲུག་སེམས་པ་ཏང་ལ་ཕྱོགས་༽ཞེས་པ་དེས་མི་རིགས་ཁག་གི་མང་ཚོགས་ཀྱིས་ཏང་དབུ་བརྙེས་ནས་ལོ་ངོ་100འཁོར་བའི་འཁྲུངས་སྐར་ལ་ལྷག་བསམ་དག་པའི་སྨོན་འདུན་ཞུ་བའི་ནང་དོན་མཚོན་ཞིང་། དེས་འགོ་ཚུགས་མཛད་སྒོའི་རིག་རྩལ་མཚན་ཚོགས་༼མཐུན་སྒྲིལ་འབད་འཐབ་ཀྱིས་རྒྱང་སྐྱོད་གསར་པ་བྱེད་༽ཅེས་པར་དབུ་ཁྱུད་བྲིས། མཚན་ཚོགས་དེ་ཉིད་འགྲོ་ལམ་གསར་གཏོད་དང་། དུས་རབས་གསར་པར་སྐྱོད་པ། རྒྱང་སྐྱོད་གསར་པ་འགོ་ཚུགས་པ་བཅས་ལེའུ་གསུམ་ལས་གྲུབ། གླུ་དབྱངས་དང་སྙན་རིས་ ༼ཁྲག་རྒྱུན་འབྲེལ་བ་༽དང་། ཞབས་བྲོ་༼གངས་ལྗོངས་ཉི་གཞོན་༽ གླུ་གཞས་མཉམ་གཏོང་༼གླུ་དབྱངས་ལྟ་བུའི་ལོ་ཟླ་༽ ལྗོངས་རྣམ་གླུ་གར་༼གྲོང་སྡེའི་ནང་གི་དྲ་སྦྲེལ་འཚོ་བ་༽ མངོན་མིན་རིག་གནས་ཤུལ་བཞག་གི་གླུ་གར་༼འོད་འཚེར་མུ་ཏིག་གིས་ཀྲུང་ཧྭ་ས་གཞི་བརྒྱན་༽ རོལ་ཆ་དཀྲོལ་གཏོང་༼བདེ་སྐྱིད་གླུ་དབྱངས་༽ ཞབས་བྲོ་༼རྒྱང་སྐྱོད་༽སོགས་ལེ་ཚན་གྱི་མི་རིགས་ཁྱད་ཆོས་མངོན་གསལ་དོད་པ་དང་། རྗོད་བྱེད་རྣམ་པ་ཕུན་སུམ་ཚོགས་པ། དུས་རབས་ཀྱི་ཉམས་སྣང་ཟབ་མོ་ཡོད་པས། མཚན་ཚོགས་ཀྱི་མཐོ་རླབས་ཡང་ཡང་འཕྱུར་བར་བྱས། མཚན་ཚོགས་ཧྲིལ་པོས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་སྟོབས་ཆེའི་འགོ་ཁྲིད་དང་མི་རིགས་ཁག་གི་མི་དམངས་ལ་ཐུགས་ཁུར་ཟབ་བཞེས་གནང་བར་བསྟོད་གླུ་ཕུལ་བ་དང་། ཀྲུང་ཧྭ་རིག་གནས་ཀྱི་མཛེས་སྡུག་རྣམ་པར་བཀྲ་བ་དང་ནང་དོན་ཕུན་སུམ་ཚོགས་པའི་ཁྱད་ཆོས་མཚོན་པར་བྱས་པ་དང་། མི་རིགས་ཁག་གི་མི་དམངས་རྣམས་སེ་འབྲུའི་འབྲུ་གུ་ལྟར་རྡོག་རྩ་གཅིག་ལ་སྒྲིལ་ནས་འབད་འཐབ་བྱེད་པའི་བརྗིད་ཆེའི་སྣང་ཚུལ་གསོན་ཉམས་དོད་པོས་མཚོན་པར་བྱས་པ། ཀྲུང་ཧྭ་བུ་ཕྲུག་གིས་ཀྲུང་ཧྭ་མི་རིགས་ཀྱི་ཐུན་མོང་བསམ་པའི་ཁྱིམ་གཞིས་འཛུགས་སྐྲུན་བྱེད་པ་དང་། བློ་བརྟན་འགྱུར་མེད་ཀྱིས་ཏང་གི་རྗེས་སུ་འབྲངས་པ། དཔའ་ངར་ཞུམ་མེད་སྒོ་ནས་རྒྱང་སྐྱོད་གསར་པ་བྱེད་པའི་ཆོད་སེམས་བརྟན་པོ་དང་དཔའ་ཉམས་ལྡན་པའི་ཉམས་སྣང་གང་ལེགས་མཚོན་པར་བྱས་ཡོད། མཇུག་ཏུ་༼འདི་ནི་ང་ཚོའི་མཛེས་སྡུག་ལྡན་པའི་ཁྱིམ་གཞིས་ཡིན་༽ཞེས་པའི་མི་སེམས་འགུལ་བའི་འགྱུར་ཁུག་དང་མི་རིགས་ཁག་གི་འཁྲབ་སྟོན་པའི་ཞབས་བྲོའི་སྟངས་སྟབས་ཁྲོད་དུ་མཚན་ཚོགས་མཇུག་འགྲིལ། 

       འཁྲབ་སྟོན་འགོ་མ་ཚུགས་གོང་། ཞི་ཅིན་ཕིང་སོགས་ཏང་དང་རྒྱལ་ཁབ་ཀྱི་དབུ་ཁྲིད་ནས་འཁྲབ་སྟོན་པའི་འཐུས་མི་དང་། སྒྲིག་འཛུགས་ཨུ་ཡོན་ལྷན་ཁང་གི་ཁོངས་མི། མི་རིགས་56གི་ཕུལ་བྱུང་གཞི་རིམ་ཏང་ཡོན་གྱི་འཐུས་མི་སོགས་ལ་མཇལ་འཕྲད་གནང་བ་མ་ཟད། ཁོང་ཚོ་དང་དྲན་རྟེན་སྐུ་པར་བསྐྱོན།
       ཏིང་ཞུའེ་ཞང་དང་། སུན་ཁྲུན་ལན། ཀྲང་ཡིའུ་ཞ། ཧོང་ཁུན་མིང་། ཚའེ་ཆི། ཡིའུ་ཆོན། པད་མ་འཕྲིན་ལས། ཤའོ་ཅེ། མ་པེའོ། པ་ཐེར་བཅས་འབྲེལ་ཡོད་བྱེད་སྒོར་ཞུགས་ཡོད་པ་རེད།

       སྐབས་དྲུག་པའི་རྒྱལ་ཡོངས་གྲངས་ཉུང་མི་རིགས་ཀྱི་རིག་རྩལ་འཁྲབ་སྟོན་ནི་རྒྱལ་ཁབ་མི་རིགས་བྱ་དོན་ཨུ་ཡོན་ལྷན་ཁང་དང་། རིག་གནས་དང་ཡུལ་སྐོར་པུའུ། རྒྱལ་ཁབ་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ཅུད། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས། པེ་ཅིང་གྲོང་ཁྱེར་མི་དམངས་སྲིད་གཞུང་བཅས་ཀྱིས་མཉམ་འབྲེལ་ཐོག་གཙོ་གཉེར་བྱས་པ་ཞིག་རེད། འཁྲབ་སྟོན་བྱེད་པའི་དུས་ཚོད་སྤྱི་ཟླ་8ཚེས་31ཉིན་ནས་སྤྱི་ཟླ་9ཚེས་24ཉིན་བར་ཡིན་པ་དང་། དེའི་རིང་། རྒྱལ་ཡོངས་ས་གནས་ཁག་ནས་ལེགས་འདེམས་བྱས་པའི་འཁྲབ་ཚན་42ཀྲུང་དབྱང་བརྙན་འཕྲིན་ལས་ཁུངས་ཀྱི་དྲ་བ་དང་རྒྱལ་ཁབ་མི་རིགས་བྱ་དོན་ཨུ་ཡོན་ལྷན་ཁང་གི་དྲ་ཚིགས་བརྒྱུད་ནས་སྟོན་རྒྱུ་རེད། 

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1