ཞི་ཅིན་ཕིང་གིས་གཞོན་དར་ལས་བྱེད་པར་བླང་བྱ་ནན་པོ་བཏོན་འདུག

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས། བོད་ལྗོངས་ཉིན་ཚགས། སྤེལ་དུས། 09-03




ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་གིས་2021ལོའི་སྟོན་དུས་སློབ་དུས་ཀྱི་ཀྲུང་དབྱང་ཏང་གི་སློབ་གྲྭའི་གཞོན་དར་ལས་བྱེད་པའི་གསོ་སྦྱོང་འཛིན་གྲྭ་སློབ་འགོ་ཚུགས་པའི་མཛད་སྒོའི་ཐོག་གསུང་བཤད་གལ་ཆེན་གནང་བཞིན་པ།
          2021ལོའི་སྟོན་དུས་སློབ་དུས་ཀྱི་ཀྲུང་དབྱང་ཏང་གི་སློབ་གྲྭའི(རྒྱལ་ཁབ་སྲིད་འཛིན་སློབ་གླིང)གཞོན་དར་ལས་བྱེད་པའི་གསོ་སྦྱོང་འཛིན་གྲྭ་ཟླ་9ཚེས་1ཉིན་གྱི་སྔ་དྲོ་ཀྲུང་དབྱང་ཏང་གི་སློབ་གྲྭར་སློབ་འགོ་ཚུགས་ཤིང་། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་གིས་སློབ་འགོ་ཚུགས་པའི་མཛད་སྒོའི་ཐོག་གསུང་བཤད་གལ་ཆེན་གནང་སྐབས། ཁོང་གིས་གཞོན་ནུ་ལས་བྱེད་པ་རྣམས་ལ་དུས་རབས་རླབས་པོ་ཆེ་ཞིག་འཕྲད་ཡོད། ཁྱེད་ཚོ་ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་འཕེལ་རྒྱས་གཏོང་བའི་གཙོ་ཤུགས་དམག་ཅིག་ཡིན་པས། ངེས་པར་དུ་འཇོན་ཐང་ཆེ་རུ་དང་བྱང་ཚད་མཐོ་རུ་གཏོང་དགོས་ཤིང་། དད་སེམས་བརྟན་གཏོང་དང་། ཏང་ལ་ལྷག་བསམ་རྣམ་དག དོན་དངོས་ལ་སྣང་ཆེན། དངོས་ཐོག་བདེན་འཚོལ། འགན་འཁྲི་འཁུར་ཕོད་པ། བྱ་བ་སྒྲུབ་མཁས་པ། རྩ་དོན་མཐའ་འཁྱོངས། འཐབ་རྩོད་བྱེད་ཕོད་པ། སྒྲིག་ལམ་ནན་སྲུང་། མཐའ་ཚད་ལས་མི་བརྒལ་བ། དཀའ་སྤྱད་སྦྱོང་བརྡར། འཇོན་ཐང་ཆེར་གཏོང་བཅས་བྱས་ཏེ། འཇོན་ཐང་ཆེ་ལ་འགན་འཁྲི་ལྕི་པོ་འཁུར་ཐུབ་པའི་རྐང་འཛིན་མི་སྣར་འགྱུར་བར་འབད་བརྩོན་བྱས་ནས། ཏང་དང་མི་དམངས་ཀྱི་རེ་བ་དང་མངགས་བཅོལ་ཟབ་མོ་ཆུད་ཟོས་སུ་མི་འགྲོ་བར་བྱེད་དགོས་ཞེས་ནན་བཤད་གནང་བ་རེད།
          ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། ཕུགས་བསམ་དང་དད་སེམས་ནི་ཀྲུང་གོ་གུང་ཁྲན་ཏང་མིའི་བསམ་པའི་ཀ་རྟེན་དང་ཆབ་སྲིད་ཀྱི་བླ་སྲོག་ལྟ་བུ་རེད་ལ། ཏང་གི་མཐུན་སྒྲིལ་དང་གཅིག་གྱུར་རྒྱུན་འཁྱོངས་བྱེད་པའི་བསམ་བློའི་རྨང་གཞི་ཡང་རེད། ཏང་ཡོན་ལས་བྱེད་པའི་ཕུགས་བསམ་དང་དད་སེམས་བརྟན་པོ་བྱུང་ཚེ། གཞི་ནས་ཉམས་སད་སྣ་ཚོགས་ཐེག་ནས་བརྟན་པོར་སྐྱོད་ཐུབ་པ་དང་རྒྱང་རིང་དུ་སྐྱོད་ཐུབ། ཕུགས་བསམ་དང་དད་སེམས་མེད་པའམ་ཡང་ན་ཕུགས་བསམ་དང་དད་སེམས་བརྟན་པོ་མེད་ཚེ། ཚོད་བགམ་འདྲ་མིན་སྣ་ཚོགས་ཐེག་མི་ཐུབ་པ་དང་། འགག་རྩའི་དུས་སུ་སྒེར་སེམས་འདྲ་མིན་སྣ་ཚོགས་སྐྱེས་པ། ཐ་ན་དམག་རྒྱག་ཁར་བྲོས་བྱོལ་དུ་འགྲོ་ཉེན་ཡོད། ཕུགས་བསམ་དང་དད་སེམས་བརྟན་པོ་ཡོང་བ་བྱ་རྒྱུ་ནི་ལས་ཐེངས་གཅིག་ལ་འགྲུབ་པ་ཞིག་མིན་ལ། དཀའ་བ་སྤྱོད་ཐེངས་གཅིག་གིས་རྦད་དེ་གོ་ཆོད་པ་དེ་བས་ཀྱང་མིན་པར། འཐབ་རྩོད་ཀྱི་ལག་ལེན་ཁྲོད་དུ་ཟམ་མི་ཆད་པར་ཞུན་བརྡར་དང་ཚོད་བགམ་ཐེག་པར་བྱེད་རྒྱུ་ཞིག་རེད། གཞོན་དར་ལས་བྱེད་པ་ཚོས་བློ་ལ་བརྟན་པོར་ངེས་དགོས་པ་ཞིག་ལ། ཕུགས་བསམ་དང་དད་སེམས་བརྟན་དུ་གཏོང་རྒྱུ་ནི་ཚེ་གང་གི་ཞིབ་འཇུག་བྱ་གཞི་ཞིག་ཡིན་པས་ནམ་ཞག་རྒྱུན་དུ་ནས་སྦྱོང་བརྡར་དང་། ཚེ་གང་རིང་ཡིད་ཆེས། ཚེ་གང་རིང་བརྟན་སྲུང་བཅས་བྱེད་དགོས།

2021ལོའི་སྟོན་དུས་སློབ་དུས་ཀྱི་ཀྲུང་དབྱང་ཏང་གི་སློབ་གྲྭའི་གཞོན་དར་ལས་བྱེད་པའི་གསོ་སྦྱོང་འཛིན་གྲྭ་ཀྲུང་དབྱང་ཏང་གི་སློབ་གྲྭར་སློབ་འགོ་ཚུགས་ཤིང་། འདི་ནི་སློབ་དུས་འགོ་ཚུགས་པའི་མཛད་སྒོ་ཚོགས་ཡུལ་ཡིན་པ།
          ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། བྱ་བ་སྒྲུབ་པ་དང་འགན་འཁྲི་འཁུར་བ་ནི་ལས་བྱེད་པའི་འགན་འཁྲི་རེད་ལ་རིན་ཐང་ལྡན་སའང་རེད། ཏང་གིས་ལས་བྱེད་པ་ལས་གནས་ཁག་ཏུ་འཇོག་དོན་ནི་ཚང་མས་འགན་འཁྲི་ཕྲག་ཏུ་ཁུར་ནས་ལས་དོན་སྒྲུབ་པ་ལས། དཔོན་པོ་བྱས་ནས་བདེ་སྐྱིད་ལ་རོལ་རྒྱུ་དེ་མིན། སྒྱུར་འཕེལ་བརྟན་གསུམ་གྱི་ལས་དོན་ཧ་ཅང་མང་བས། ལས་དོན་ཡག་པོ་སྒྲུབ་པར་ཚང་མས་འགན་འཁྲི་འཁུར་བ་དང་བྱས་རྗེས་འཇོག་དགོས། དེ་ཡང་འགན་འཁྲི་འཁུར་བ་དང་བྱས་རྗེས་འཇོག་པ་གཉིས་གཞི་གཅིག་ཅན་ཡིན་ཞིང་། བྱས་རྗེས་འཇོག་མེད་པ་ནི་འགན་འཁྲི་མ་ཁུར་བ་ཡིན་པ་དང་བྱས་རྗེས་འཇོག་འདོད་ན་འགན་འཁྲི་འཁུར་དགོས། བྱ་བ་སྒྲུབ་སྐབས་རྟག་ཏུ་ཉེན་ཁ་འཕྲད་སྲིད། ཉེན་ཁ་ཡོད་པས་ད་གཟོད་འགན་འཁུར་དགོས། ཏང་དང་མི་དམངས་ལ་ཕན་པའི་བྱ་བ་ཡིན་ཕྱིན། ང་ཚོས་བྱ་བ་སྒྲུབ་སྐབས་དཀའ་ངལ་དང་འགན་འཁྲིར་མི་གཡོལ་བར་བློ་ཁོག་ཆེན་པོས་སྒྲུབ་པ་དང་སེམས་ཐག་གཙང་བཅད་ཀྱིས་སྒྲུབ་དགོས།
          ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། དེང་སྐབས་འཛམ་གླིང་ལ་ལོ་བརྒྱའི་རིང་འཕྲད་མ་མྱོང་བའི་འགྱུར་ལྡོག་ཧ་ཅང་ཆེན་པོ་འབྱུང་བཞིན་ཡོད་པ་དང་ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེ་འགག་རྩའི་དུས་སུ་སླེབས་པས། ང་ཚོར་འཕྲད་པའི་ཉེན་ཁ་དང་འགྲན་སློང་ཡང་མངོན་གསལ་དོད་པོས་མང་དུ་འགྲོ་རྒྱུ་རེད། རྟག་ཏུ་དུས་བདེ་ཞི་འཇགས་ཀྱི་འཚོ་བ་སྐྱེལ་འདོད་པ་ལས་འཐབ་རྩོད་བྱེད་མི་འདོད་པ་ནི་དོན་དངོས་དང་མི་མཐུན་པ་ཞིག་རེད། དེས་ན་སྟོང་བསམ་དོར་ནས་འཐབ་རྩོད་ཕོད་པར་བྱས་ཏེ་རྩ་དོན་གྱི་གནད་དོན་ཐད་གོམ་པ་གང་ཡང་ཕྱིར་བཤོལ་མི་བྱེད་པ་དང་ས་ཆ་སྦར་མཐིལ་ཙམ་ཡང་གློད་མི་གཏོང་བར། སྔར་བྱུང་མྱོང་མེད་པའི་བློ་སྟོབས་དང་ཀུན་སྤྱོད་ལ་བརྟེན་ནས་རྒྱལ་ཁབ་ཀྱི་བདག་དབང་དང་། བདེ་འཇགས། འཕེལ་རྒྱས་བཅས་ཀྱི་ཁེ་ཕན་སྲུང་སྐྱོང་བྱེད་དགོས། གུང་ཁྲན་ཏང་མིར་དུས་དང་རྣམ་པ་ཀུན་ཏུ་རྨོངས་དད་ལ་ཡིད་ཆེས་མི་བྱེད་པ་དང་། གདོན་འདྲེར་མི་སྐྲག་པ། བླ་སྡར་བ་མི་བྱེད་པ་བཅས་ཀྱི་སྙིང་སྟོབས་དང་། ངར་སེམས། བློ་སྟོབས་བཅས་ལྡན་དགོས།
          ཞི་ཅིན་ཕིང་གིས་བསྟན་དོན། སྒྲིག་ལམ་ལ་སྣང་ཆེན་དང་མཐའ་ཚད་སྲུང་བར་སྔོན་ལ་འཇིགས་བཀུར་གྱི་བསམ་པ་ལྡན་དགོས། སེམས་ལ་ཞེད་ས་ཡོད་པ་དང་། སྐད་ཆར་འཛེམས་ཟོན་ཡོད་པ། སྤྱོད་པར་ཚོད་འཛིན་ཡོད་དགོས། ལས་བྱེད་པས་ངེས་པར་དུ་འཇིགས་བཀུར་ཤེས་པ་དང་། དོགས་ཟོན་དང་འཇིགས་སྣང་ཡོད་པ། མཐའ་ཚད་སྲུང་བ་བཅས་བྱས་ཏེ་ཏང་དང་། མི་དམངས། བཅའ་ཁྲིམས་དང་སྒྲིག་ཁྲིམས་བཅས་ལ་འཇིགས་ཤིང་བཀུར་དགོས། བློ་སྦྱོང་ནན་པོ་བྱས་ན་གཞི་ནས་རང་གཅུན་ནན་པོ་ཡོང་ཐུབ། ལས་བྱེད་པ་ཞིག་གིས་འཇིག་རྟེན་གྱི་ལྟ་བ་དང་། མི་ཚེའི་ལྟ་བ། རིན་ཐང་གི་ལྟ་བ་བཅས་ཀྱི་གཅུན་སྒོ་ཨ་མ་དམ་པོར་སྒྲིམ་པ་མ་ཟད། བསམ་བློའི་གོ་རྟོགས་དང་བསམ་པའི་གནས་ཚད་མཐོ་རུ་བཏང་ཚེ། ད་གཟོད་རུལ་སུངས་བྱེད་མི་ཕོད་པ་ནས་རུལ་སུངས་བྱེད་མི་འདོད་པར་འགྱུར་ཐུབ།

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1