མཚོ་སྔོན་རྨ་སྟོད་ཀྱི་ས་ཡོམ་གེགས་ཁུལ་གྱི་སློབ་མ་དུས་བཀག་ལྟར་སློབ་འགོ་ཚུགས་པ།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།མི་དམངས་དྲ་བ། སྤེལ་དུས། 09-06


    ཤིན་ཧྭ་གསར་འགྱུར་ཁང་ཟི་ལིང་ནས་ཟླ་9ཚེས་1ཉིན་གློག་འཕྲིན་འབྱོར་གསལ། ཟླ་9ཚེས་1ཉིན་གྱི་ཆུ་ཚོད་དགུ་པ་ཡོལ་ཙམ་ལ། སྐར་ལྔའི་དར་དམར་དལ་བུར་བསྒྲེངས་བ་དང་བསྟུན་ནས། མཚོ་སྔོན་ཞིང་ཆེན་མགོ་ལོག་བོད་རིགས་རང་སྐྱོང་ཀྲོའུ་རྨ་སྟོད་རྫོང་གི་ས་ཡོམ་གེགས་ཁུལ་གྱི་བར་བརྒལ་བཀོད་སྒྲིག་སློབ་ཁུལ་དང་པོའི་སློབ་ཕྲུག་429ཚང་མ་སྲ་ཞིང་བརྟན་ལ་མཛེས་སྡུག་ལྡན་པའི་སློབ་ཁྲིད་ཐོག་ཁང་དང་། ཡངས་ཤིང་རྒྱ་ཆེ་ལ་དཀར་ཆ་དོད་པའི་སློབ་ཁང་། དྲོ་ཞིང་སྐྱིད་པའི་ཉལ་ཁང་། གཙང་སྦྲ་དོད་པའི་ཟ་ཁང་སོགས་ཡོད་པའི་སློབ་གྲྭ་གསར་པར་སློབ་དུས་གསར་པ་འཚོག་འགོ་ཚུགས་པ་རེད།
   “འདི་ནི་དམིགས་བསལ་གྱི་སློབ་འགོ་ཚུགས་པའི་མཛད་སྒོ་ཞིག་རེད། ང་ཚོ་རས་གུར་ནས་སློབ་གྲྭ་གསར་པར་སྤོ་རྒྱུ་བྱུང་བས་ཧ་ཅང་དགའ་པོ་བྱུང” “སློབ་ཕྲུག་ཚོས་སྤོབས་པ་དང་། སྤྱོད་བཟང་། དེ་བཞིན་བསམ་པའི་ཉམས་འགྱུར་གསར་རྐྱང་ཐོག་ནས་སློབ་དུས་གསར་པའི་སློབ་སྦྱོང་དང་འཚོ་བར་རོལ་རྒྱུའི་རེ་བ་ཡོད”ཅེས་བར་བརྒལ་བཀོད་སྒྲིག་སློབ་ཁུལ་དང་པོའི་དགེ་རྒན་ལུའེ་ཁང་ཆུང་གིས་སློབ་འགོ་ཚུགས་པའི་མཛད་སྒོའི་ཐོག་བཤད།
    ཟླ་5ཚེས་22ཉིན་གྱི་ཆུ་ཚོད་2དང་སྐར་མ་4ཡི་ཐོག རྨ་སྟོད་རྫོང་དུ་ས་ཡོམ་རིམ་པ་7.4བརྒྱབ་ནས་རྨ་སྟོད་རྫོང་ཁོངས་ཀྱི་སློབ་གྲྭ་མང་པོར་ཚད་གཞི་མི་འདྲ་བའི་གཏོར་སྐྱོན་ཕོག་ཡོད། ས་ཡོམ་བརྒྱབ་རྗེས་ས་གནས་དེ་གའི་སྲིད་གཞུང་གིས་སྟོབས་ཤུགས་སྒྲིག་འཛུགས་བྱས་ནས་རས་གུར་སློབ་གྲྭ་བརྒྱབ་སྟེ་ཉིན་3ནང་སློབ་འགོ་བསྐྱར་ཚུགས་དང་སློབ་ཚན་སླར་གསོ་ཐུབ་པ་བྱས་པ་རེད།
   “སྟོན་ཁའི་སློབ་འགོ་རྒྱུན་གཏན་ལྟར་ཚུགས་ཐུབ་པའི་འགན་ལེན་བྱ་ཆེད། ང་ཚོས་སློབ་གྲྭའི་ཉལ་ཁང་ཉམས་གསོ་དང་བརྟན་གཏོང་བྱེད་མགྱོགས་སུ་བཏང་བ་དང་ཆབས་ཅིག དགེ་སློབ་གནས་སྤོས་བཀོད་སྒྲིག་ལས་དོན་ཡང་ཏན་ཏིག་བསྒྲུབས་ཏེ་གེགས་ཁུལ་གྱི་སློབ་ཕྲུག་2933ཟི་ལིང་གྲོང་ཁྱེར་དང་རྨ་ཆེན་རྫོང་སོགས་ཀྱི་བར་བརྒལ་བཀོད་སྒྲིག་སློབ་ཁུལ་དུ་བསྐྱལ་བ་ཡིན”ཞེས་རྨ་སྟོད་རྫོང་ཨུད་ཀྱི་ཧྲུའུ་ཅི་ཏིང་ཧྥིང་ཧྲན་གྱིས་བཤད།
    མགོ་ལོག་བོད་རིགས་རང་སྐྱོང་ཀྲོའུ་སློབ་གསོ་ཅུས་ཀྱི་ཅུས་ཀྲང་གཞོན་པ་འཇིགས་མེད་བསྟན་འཛིན་གྱིས་ངོ་སྤྲོད་བྱས་དོན། “ང་ཚོས་ད་ཡོད་ཀྱི་སློབ་གྲྭའི་ཁང་པར་སྤྱི་འདོམས་བྱས་ཏེ་བེད་མེད་དུ་བཞག་པའི་སློབ་གྲྭའི་ཁང་པ་དག་སྒྱུར་བཀོད་ལེགས་གཏོང་དང་གསར་དུ་བསྐྲུན་པའི་རྣམ་གྲངས་བར་བརྒལ་བཀོད་སྒྲིག་གི་བླང་བྱ་ལྟར་སྤྱོད་སྒོ་བསྒྱུར་བ་དང་། རྫོང་ཁོངས་སུ་གཅིག་སྡུད་བཀོད་སྒྲིག་བྱེད་པ་དང་། ཀྲོའུ་ཁོངས་སུ་གཅིག་སྡུད་འཛིན་གྲྭ་གཉེར་བ། ཞིང་ཆེན་ཁོངས་སུ་མངགས་གཏོང་བྱེད་པ་བཅས་བྱེད་ཐབས་གསུམ་གཞིར་བཟུང་ནས་དགེ་སློབ་ཀྱི་བར་བརྒལ་བཀོད་སྒྲིག་ལས་དོན་ཡག་པོ་བསྒྲུབས་ཡོད”
ལོ་13ལ་སླེབས་པའི་བཀྲ་ཤིས་ལྷ་མོ་ནི་རྨ་སྟོད་རྫོང་རྨ་ཆུ་ཤང་བོད་ཡིག་ཞག་སྡོད་སློབ་གྲྭའི་ལོ་རིམ་ལྔ་པའི་སློབ་མ་ཡིན་ཞིང་། ས་ཡོམ་བརྒྱབ་རྗེས་ཁོ་མོ་དང་སློབ་གྲོགས་ཚོ་སློབ་གྲྭའི་ལུས་རྩལ་ཐང་གི་རས་གུར་ནང་ཟླ་བ་གཉིས་ལྷག་ཙམ་སློབ་ཚན་འཚོགས་པ་རེད། སློབ་དུས་གསར་པའི་ཉིན་དང་པོར། ཁོ་མོས་གསར་འགོད་པར“སློབ་གྲྭ་གསར་པ་ཧ་ཅང་སྙིང་རྗེ་པོ་འདུག ང་ཚོར་སློབ་སྦྱོང་བྱེད་སའི་ཁོར་ཡུག་ཡག་པོ་ཞིག་སྐྲུན་ཆེད། མི་མང་པོས་གུང་གསེང་རིང་དཀའ་ལས་མང་པོ་བསྐྱོན་གནང་ཡོད། རང་ཉིད་ཀྱི་སློབ་སྦྱོང་གི་དམིགས་ཚད་སྔར་བས་བརྟན་དུ་ཕྱིན་སོང”ཞེས་བཤད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1