རིག་གནས་ཡུལ་སྐོར་ལ་གཡུར་ཟའི་འབྲས་བཟང་སྨིན།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ། སྤེལ་དུས། 09-07


འདི་ནི་དངོས་ལྗོངས་ཟློས་གར་ཆེ་གྲས《འུན་ཤིང་ཀོང་ཇོ》འཁྲབ་ཡུལ་གྱི་རྣམ་པ་ཡིན་པ།
          ཡུས་ཧྲང་ཧོ་མེ་ཚོགས་པས་སྒྲིག་འཛུགས་འཁྲབ་སྟོན་བྱས་པའི་ལོ་རྒྱུས་དངོས་ལྗོངས་ཟློས་གར་ཆེ་གྲས《འུན་ཤིང་ཀོང་ཇོ》ཞེས་པ་2013ལོ་ནས་འཁྲབ་འགོ་ཚུགས་ཚུན། རིམ་རྩིས་བྱས་ན་ཐེངས་1300ཙམ་འཁྲབ་པ་དང་འཁྲབ་སྟོན་ལ་ལྟ་མཁན་གྱི་ཡུལ་སྐོར་བ་མི་ཐེངས་ཁྲི་300ལས་བརྒལ་བ་མ་ཟད། ཡོང་འབབ་ཀྱང་སྒོར་དུང་ཕྱུར་10ལས་བརྒལ་ཡོད། རྣམ་གྲངས་དེས་རིག་གནས་ཡུལ་སྐོར་ཐོན་ལས་འཁོར་འབྲེལ་སྣུར་སྲིང་བྱེད་པར་སྐུལ་མ་ནུས་ལྡན་ཐེབས་ལ། ས་གནས་མང་ཚོགས་ཀྱི་ལས་ཞུགས་ལ་སྣེ་ཁྲིད་ཐུབ་སྟེ་བོད་ཀྱི་རིག་གནས་ཡུལ་སྐོར་ཐོན་ལས་ཕྱོགས་སྒྱུར་རིམ་སྤོར་ལ་སྐུལ་འདེད་གཏོང་བར་ལེགས་སྐྱེས་ཕུལ་བ་རེད།
          རིག་གནས་ཡུལ་སྐོར་གྱི་གནད་སྨིན་དབུལ་སྐྱོར་གྱི་དཔེ་སྟོན་རྣམ་གྲངས་བཏོད་པ།
          ཐོག་མར་གྲ་སྒྲིག་བྱེད་པའི་དུས་སུ་ཡུས་ཧྲང་ཧོ་མེ་ཚོགས་པས་དངོས་ལྗོངས་ཟློས་གར་ཆེ་གྲས《འུན་ཤིང་ཀོང་ཇོ》དང་ཆ་ལག་ཚང་བའི་རྣམ་གྲངས་དག་རིག་གནས་ཀྱི་རྣམ་གྲངས་དང་། གཉིས་གཏོད་རྣམ་གྲངས། དམངས་ཕན་རྣམ་གྲངས་བཅས་སུ་གཏན་འཁེལ་བྱས་པ་རེད།
          འུན་ཤིང་ཀོང་ཇོའི་འཁྲབ་གཞུང་དང་དེའི་ཆ་ལག་ཚང་བའི་རྣམ་གྲངས་བརྒྱུད། འཁྲབ་གནས་ཚེ་མཆོག་གླིང་གྲོང་ཚོར་ཐོན་ལས་གསུམ་པ་མེད་པ་ནས་ཡོད་པའི་བར་འཕེལ་རྒྱས་བྱུང་ཞིང་། རྣམ་གྲངས་དེས་ཕ་ཡུལ་དུ་ལོག་པའི་སློབ་ཆེན་སློབ་མ་དང་འབྲིང་རིམ་ཆེད་ལས་སློབ་མར་ལས་གནས་བཏོད་དེ་མི་ཐེངས་4000ཙམ་ལས་ཞུགས་ཐུབ་པ་མ་ཟད། ཡུལ་དེའི་ལོ་18ནས་ལོ་70བར་གྱི་གྲོང་མི་800ཙམ་ལས་ཞུགས་ཐུབ་པར་གླ་ཆ་སྒོར་དུང་ཕྱུར་3ལྷག་ཙམ་སྤྲད་ཅིང་། གསར་དུ་བསྡུས་པའི་ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང་དབུལ་པོའི་མང་ཚོགས་300ཚང་མ་རྣམ་གྲངས་དེར་བརྟེན་ནས་དབུལ་སྒྲོལ་ཐུབ་ཡོད།
          རྣམ་གྲངས་དང་ཡུག་ཁུལ་གྱི་ཐོན་ལས་གཉིས་ཀ་འཕེལ་རྒྱས་ཕྱིན་པ།
          དངོས་ལྗོངས་ཟློས་གར་ཆེ་གྲས《འུན་ཤིང་ཀོང་ཇོ》ནི་ཀྲུང་གོའི་བོད་ལྗོངས་རིག་གནས་ཡུལ་སྐོར་བསམ་བཀོད་གླིང་དུ་ལག་བསྟར་བྱས་པའི་རྣམ་གྲངས་ཐོག་མ་དེ་རེད།
          2012ལོར། དངོས་ལྗོངས་ཟློས་གར་ཆེ་གྲས《འུན་ཤིང་ཀོང་ཇོའི》འཁྲབ་ཚན་གྱི་རྨང་གཞི་འདིང་བའི་སྐབས། ཚེ་མཆོག་གླིང་ས་སྟོང་ཞིག་རེད། ད་ཆ་གྲོང་ཚོ་དེའི་ཕྱོགས་གང་སར་ཐོག་བརྩེགས་ཁང་ཆེན་ཚར་དུ་དངར་ཞིང་། རླངས་འཁོར་དང་མི་ཚོགས་རྒྱུན་མི་ཆད་པའི་གྲོང་ཁྱེར་གྱི་རྣམ་པ་གསར་པ་ཞིག་མངོན་ཡོད།
          རྣམ་གྲངས་དེར་གྲུབ་འབྲས་ཐོབ་དོན་སྐོར་གླེང་སྐབས། རྣམ་གྲངས་དེའི་འགན་འཁུར་བ་ལི་ཀྲའོ་ཡིས་རིག་གནས་ཐོན་ལས་གཉེར་བསམ་ན། ཐོན་རྫས་ཀྱི་མཁོ་སྤྲོད་ནུས་ལྡན་ནི་ཧ་ཅང་གལ་འགངས་ཆེ་བ་ཞིག་ཡིན་པའི་ངོས་འཛིན་བྱས་པ་རེད།
          ལི་ཀྲའོ་ཡིས། དངོས་ལྗོངས་ཟློས་གར་ཆེ་གྲས《འུན་ཤིང་ཀོང་ཇོའི》འཁྲབ་ཚན་གྱིས་ཡུལ་སྐོར་བ་གཙོ་བོར་བཟུང་བ་མ་ཟད། རྒྱ་བོད་འཆམ་མཐུན་བརྗོད་དོན་གཙོ་བོར་བྱས་པའི་མི་རིགས་མཐུན་སྒྲིལ་གྱི་ནང་དོན་ལྡན་ཡོད། དེ་དང་ཆབས་ཅིག བོད་ལྗོངས་ཀྱི་ཡུལ་སྐོར་ཁྲོམ་རའི་བར་མཐོངས་ཡངས་པས། ཁྲོམ་རར་ཡང་དངོས་སྦྱོང་ཟློས་གར་དེ་འདྲ་ཞིག་དགོས་གལ་ཆེན་པོ་ཡོད། གཞན་ཡང་འཁྲབ་ཚན་དེའི་ནང་བོད་ཀྱི་རྩ་ཆེའི་མངོན་མིན་རིག་གནས་ཀྱི་གཞི་རྒྱུ་མང་པོ་འདུས་ཡོད་པས་ལྟད་མོ་བ་ཚོར་མཐོང་སྣང་གསར་པ་ཞིག་སྦྱིན་ཡོད་ཅེས་བརྗོད།
          ད་ཆ་འཁྲབ་ཚན་དེའི་ཡོང་འབབ་གཙོ་བོ་སྒོ་འཛིན་དང་ཐོན་རྫས་ཕྱིར་ཚོང་ལས་བྱུང་ཞིང་། 2018ལོར་འཁྲབ་སྟོན་ལས་བྱུང་བའི་ཡོང་འབབ་རྒྱལ་ནང་གི་དངོས་ལྗོངས་ཟློས་གར་གཞན་དག་གི་སྒོ་འཛིན་ཡོང་འབབ་ཁྲོད་མདུན་གྱི་ཨང་བཞི་པར་སླེབས་ཡོད།
          དངོས་ལྗོངས་ཟློས་གར་ཆེ་གྲས《འུན་ཤིང་ཀོང་ཇོ》འཁྲབ་སྟོན་བྱས་པ་ལས་ཁེ་ལས་ལ་གྲུབ་འབྲས་ཐོབ་པ་མ་ཟད། ཀྲུང་གོའི་བོད་ལྗོངས་རིག་གནས་ཡུལ་སྐོར་བསམ་བཀོད་གླིང་དུ་སྔོན་ཁྲིད་དང་དཔེ་སྟོན་གྱི་ནུས་པ་མངོན་གསལ་དོད་པོ་ཐོན་ཡོད་ལ། རིག་གནས་འཁྲབ་རྩལ་ལྟེ་བར་བྱས་ཏེ་མུ་མཐུད་འབྲེལ་ཡོད་ཐོན་ལས་གསར་གཏོད་བྱས་པ་བརྒྱུད། ཀྲུང་གོའི་བོད་ལྗོངས་རིག་གནས་ཡུལ་སྐོར་བསམ་བཀོད་གླིང་གི་ཐོན་ལས་རིམ་བཞིན་མཉམ་འདུས་ཐུབ་ཡོད།
          2015ལོར། དངོས་ལྗོངས་ཟློས་གར་ཆེ་གྲས《འུན་ཤིང་ཀོང་ཇོའི》ཆ་ལག་ཚང་བའི་རྣམ་གྲངས་ཏེ། ཚེ་མཆོག་གླིང་བོད་བཟོའི་སྒོ་རའི་ཉམས་སྣང་གི་ཁྲོམ་གཞུང་དངོས་སུ་སྤྱོད་འགོ་ཚུགས་ཤིང་། དེ་གར་དེབ་ཁང་དང་། སྤོས་བཟོའི་ཉམས་ལེན། ཀོག་ཧྥེ་ཁང་། བོད་ཟས་སོགས་སྣ་མང་མཆིས་པས་ཡུལ་སྐོར་བའི་ཟས་སྡོད་ཉོ་སྒྲུབ་ཀྱི་དགོས་མཁོ་གང་ལེགས་བསྐངས་ཡོད། ས་སྲོས་མཚམས་སུ་བསིལ་རླུང་དལ་བུ་དང་བསྡོངས་ནས་ཟ་ཁང་ཚང་མས་གཅིག་རྗེས་གཉིས་མཐུད་ངང་ལས་གཉེར་བྱེད་འགོ་ཚུགས་ཏེ། ལྷ་སའི་མཚན་མོའི་དཔལ་འབྱོར་གྱི་ལྟ་བས་མི་ངོམས་པའི་མཛེས་ལྗོངས་ཤིག་ཏུ་གྱུར་ཡོད།
          རིག་གནས་ཡུལ་སྐོར་དེ་བས་རྒྱུན་མཐུད་འཕེལ་རྒྱས་གཏོང་སྟངས་འཚོལ་ཞིབ་བྱས་པ།
          དངོས་ལྗོངས་ཟློས་གར་ཆེ་གྲས《འུན་ཤིང་ཀོང་ཇོ》འཁྲབ་སྟོན་ལེགས་གྲུབ་བྱུང་བའི་ཁར། བོད་ཀྱི་རིག་གནས་ཡུལ་སྐོར་ཐོན་ལས་འཕེལ་རྒྱས་ཀྱི་ཁོར་ཡུག་ཡག་པོ་དང་ཁྲོམ་རའི་མདུན་ལམ་བཟང་པོས་ཀྱང་ཡུས་ཧྲང་ཧོ་མེ་ཚོགས་པར་ཡིད་ཆེས་ཀྱིས་ཕྱུག་ནས་བོད་དུ་རྣམ་གྲངས་དང་ལས་སྒོ་དེ་བས་མང་པོ་བཀོད་སྒྲིག་བྱེད་པར་གཞོལ་ཞིང་། རིག་གནས་ཡུལ་སྐོར་རྒྱུན་མཐུད་འཕེལ་རྒྱས་གཏོང་སྟངས་སྔར་བས་འཚོལ་ཞིབ་བྱས་པ་རེད། ལྷག་པར་དུ“ལྟེ་བའི་IPའཁྲབ་རྩལ་ཟློས་གར+གླིང་ཁུལ་གྱི་ཡུལ་སྐོར་དབུལ་སྐྱོར”མཚོན་རྟགས་སུ་བྱས་པའི་དངོས་ལྗོངས་ཟློས་གར་ཆེ་གྲས《འུན་ཤིང་ཀོང་ཇོ》དང་། གར་སྟེགས་ཟློས་གར《གྱིམ་ཤིང་ཀོང་ཇོའི》རིག་གནས་ཡུལ་སྐོར་ཐོན་ལས་དབུལ་སྐྱོར་ལག་ལེན་བསྟར་བ་ལས། ཚོགས་པ་དེས་རིག་གནས་ཁེ་ལས་འཕེལ་རྒྱས་དང་སྤྱི་ཚོགས་ཀྱི་འགན་འཁྲི་སྒྲུབ་པའི་མཐུན་ཆ་འཚོལ་ཞིབ་གང་ལེགས་ཐུབ་ཡོད།
          2016ལོར། བོད་དུ་ཡོད་པའི་ཡུས་ཧྲང་ཧོ་མེ་ཚོགས་པའི་རྣམ་གྲངས་གཞན་ཞིག་སྟེ། ལྷ་ས་སྟག་གདོང་གྲོང་ཚོའི་གནད་སྨིན་དབུལ་སྐྱོར་ཕྱོགས་བསྡུས(ཡུལ་སྐོར)གསར་སྤེལ་རྣམ་གྲངས་དངོས་སུ་གཉེར་སྐྱོང་བྱེད་འགོ་ཚུགས་པ་རེད།
          ལོ་25ལ་སླེབས་པའི་སྟག་གདོང་གྲོང་ཚོའི་བུ་མོ་ཁྲ་སྒོར་རང་ཁྱིམ་གྱི་སྒོ་རྩར་ལས་ཞུགས་ཐུབ་སྟེ། ཡོང་འབབ་ཀྱང་ཕྱིར་གླ་པར་སྐྱོད་དུས་ཀྱི་ཟླ་ཕོགས་སྒོར་3500ནས་ད་ཆའི་སྒོར་3800བར་འཕར་ཡོད། དེ་དང་ཆབས་ཅིག་བོགས་གཏོང་ཁང་པའི་ཁང་རིན་དང་དེ་མིན་གྱི་འགྲོ་སོང་གཏོང་དགོས་མེད་པས། ཁོ་མོས་ད་ཆའི་ལས་ཀར་ཧ་ཅང་བློ་ཡིད་ཚིམ་པོ་བྱེད་ཀྱི་ཡོད། ལོ་གསུམ་གཉེར་སྐྱོང་བྱས་པ་བརྒྱུད་2018ལོའི་ཟླ་9པར་སྟག་གདོང་གྲོང་ཚོ་དངོས་སུ་དབུལ་སྒྲོལ་ཐུབ་ཡོད། 2020ལོའི་ལོ་མཇུག་བར་སྟག་གདོང་གྲོང་ཚོས་རིམ་རྩིས་བྱས་ན་ཡུལ་སྐོར་བ་མི་ཐེངས་ཁྲི་100ལྷག་ཙམ་ལ་སྣེ་ལེན་ཞུས་པར་ཡུལ་སྐོར་ཡོང་འབབ་སྒོར་ཁྲི་2000ལྷག་ཙམ་བྱུང་ཡོད། གྲོང་གསེབ་ཀྱི་ཡུལ་སྐོར་འཕེལ་རྒྱས་བཏང་བ་བརྒྱུད། ས་གནས་དེ་གའི་གྲོང་མི་ཚོར་ཡུལ་སྐོར་གྱི་ཡོང་འབབ་རག་སྟེ། རིག་གནས་ཡུལ་སྐོར་ལ་བརྟེན་ནས་ཕྱུག་འགྱུར་གྱི་ལམ་བུར་བསྐྱོད་པ་དང་། ཐོན་ལས་དར་བ་དང་། ཁོར་ཡུག་མཛེས་པ། གྲོང་མི་འབྱོར་ཕྱུག་བཅས་བྱུང་ཡོད།
          སྟག་གདོང་གྲོང་ཚོ་ཙམ་མ་ཟད། གྲོང་གསེབ་ཀྱི་རིག་གནས་ཡུལ་སྐོར་དབུལ་སྐྱོར་རྣམ་གྲངས་གཏོད་རིང་། ཡུས་ཧྲང་ཧོ་མེ་ཚོགས་པས་ད་དུང“ཡུལ་གཞན་དུ་གནས་སྤོས་བཀོད་སྒྲིག+དམངས་སྲོལ་ཉམས་ལེན་ཁྱིམ་ཚང་མགྲོན་ཁང”གི་བདེ་སྐྱིད་བོད་ཁྱིམ་དང་། “ཐོན་ལས་གསུམ་མཉམ་འདྲེས་འཕེལ་རྒྱས”ཀྱི་སྙེ་མོའི་མཁར་རུ་སོགས་གྲོང་གསེབ་ཀྱི་རིག་གནས་ཡུལ་སྐོར་དབུལ་སྐྱོར་གྱི་རྒྱུན་མཐུད་འཕེལ་རྒྱས་གཏོང་སྟངས་སྣ་ཚོགས་སྔ་རྗེས་སུ་འཚོལ་ཞིབ་བྱས་པ་བརྒྱུད། ས་གནས་དེ་གའི་ཐོན་ལས་འཕེལ་རྒྱས་ལ་སྐུལ་འདེད་ནུས་ལྡན་ཐེབས་ལ། ས་གནས་དེ་གའི་དམངས་སྲོལ་རིག་གནས་སྲུང་སྐྱོང་དང་། རྒྱུན་འཛིན། དར་སྤེལ་བཅས་ཐུབ་པ་མ་ཟད། གྲོང་མི་ཚོའི་ལས་ཞུགས་འབབ་འཕར་ལའང་སྐུལ་ཁྲིད་ནུས་ལྡན་ཐུབ་ཡོད།

འདི་ནི་དངོས་ལྗོངས་ཟློས་གར་ཆེ་གྲས《འུན་ཤིང་ཀོང་ཇོའི》འཁྲབ་སྟོན་པ་ཚོས་མཇུག་འགྲིལ་འཁྲབ་སྟོན་བྱེད་བཞིན་པ།

འདི་ནི་དངོས་ལྗོངས་ཟློས་གར་ཆེ་གྲས《འུན་ཤིང་ཀོང་ཇོའི》དུས་ཚིགས་དགུ་པའི་འཁྲབ་སྟོན་དགོང་མོར་ཡིད་སེམས་སྤྲོ་བས་བརྟས་པའི་ལྟད་མོ་བ་ཡིན་པ།

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1