གཙོ་ངོས།>> གསར་འགྱུར།>>རྒྱལ་སྤྱི་གསར་འགྱུར།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།མི་དམངས་དྲ་བ། སྤེལ་དུས། ༢༠༢༡ལོའི་ཟླ་བ་༠༩ཚེས་༠༧ཉིན།

“9·11”དོན་རྐྱེན་གྱི་བརྟག་དཔྱད་ཡིག་ཆ་ཡོངས་བསྒྲགས་བྱ་རྒྱུ་རེད།

     ཨ་རིའི་ཙུང་ཐུང་པེ་ཏེན་གྱིས་ཚེས་3ཉིན་སྲིད་འཛིན་བཀའ་རྒྱར་མིང་རྟགས་བཀོད་ནས། ཨ་རིའི་ཁྲིམས་འཛིན་པུའི་སོགས་སྒྲིག་གཞིར་རྒྱལ་ཕྲན་མཉམ་འབྲེལ་བརྟག་དཔྱད་ཅུས་ཀྱིས་2001ལོའི“9·11”འཇིགས་སྐུལ་འཇབ་རྒོལ་དོན་རྐྱེན་ལ་དམིགས་པའི་བརྟག་དཔྱད་ཡིག་ཆ་ཡོངས་བསྒྲགས་བྱེད་དགོས་པའི་མཛུབ་སྟོན་གནང་བ་རེད། 
    པེ་ཏེན་གྱིས་ཉིན་དེར་གསལ་བསྒྲགས་སྤེལ་དོན། “9·11”དོན་རྐྱེན་བྱུང་ནས་ལོ་20འཁོར་བའི་མཚམས་སུ། ཁོང་གིས་སྲིད་འཛིན་བཀའ་རྒྱ་ཞིག་ལ་མིང་རྟགས་བཀོད་དེ་ཁྲིམས་འཛིན་པུའུ་དང་འབྲེལ་ཡོད་སྒྲིག་གཞི་གཞན་དག་ལ་འབྲེལ་ཡོད་མཉམ་འབྲེལ་བརྟག་དཔྱད་ཅུས་ཀྱི“9·11”དོན་རྐྱེན་བརྟག་དཔྱད་ཡིག་ཆར་ཡོངས་བསྒྲགས་ངང་ཞིབ་བཤེར་བྱ་རྒྱུའི་མཛུབ་སྟོན་གནང་བ་རེད། ཁྲིམས་འཛིན་པུའི་པུའུ་ཀྲང་གིས་ངེས་པར་དུ་མ་འོངས་པའི་ཟླ་6ནང་སྤྱི་དམངས་ལ་འབྲེལ་ཡོད་ཡིག་ཆ་ཡོངས་བསྒྲགས་བྱེད་དགོས། 
   པེ་ཏེན་གྱིས། སྲིད་འཛིན་བཀའ་རྒྱར་མིང་རྟགས་བཀོད་པ་དེས་ཙུང་ཐུང་འདེམས་བསྐོ་བྱེད་སྐབས་ཁོང་གིས་ཁས་བླངས་པའི་“9·11”དོན་རྐྱེན་གྱི་བརྟག་དཔྱད་བྱས་འབྲས་ཕྱི་གསལ་ནང་གསལ་ཡོང་བར་འགན་ལེན་བྱ་རྒྱུ་ཡིན་པ་བསྟན། 
   ད་ལོའི་ཟླ་8ཚེས་6ཉིན། “9·11”འཇིགས་སྐུལ་འཇབ་རྒོལ་དོན་རྐྱེན་ནང་གནོད་འཚེ་ཕོག་མཁན་ནམ་ཡང་ན་ཁོང་ཚོའི་ནང་མི་1600ལྷག་གིས་མིང་མཉམ་འགོད་ཡི་གེ་བཏང་ནས། པེ་ཏེན་ལ་ཨ་རིའི་རྒྱལ་ཕྲན་མཉམ་འབྲེལ་སྲིད་གཞུང་གིས“9·11”དོན་རྐྱེན་གྱི་འབྲེལ་ཡོད་གསང་ཡིག་ལ་བརྟག་དཔྱད་བྱ་རྒྱུའི་བླང་བྱ་བཏོན་པ་རེད། ཟླ་8ཚེས་9ཉིན། ཨ་རིའི་ཁྲིམས་འཛིན་པུའུ་ཡིས་འབྲེལ་ཡོད་གསང་ཡིག་ཡོངས་བསྒྲགས་ཐོག་ནས་ཞིབ་བཤེར་བྱས་ནས། ཡོངས་བསྒྲགས་བྱ་རྒྱུར་འཚམ་པའི་ཆ་འཕྲིན་གདམ་གསེས་བྱས་ནས་རྒྱལ་ཕྲན་མཉམ་འབྲེལ་བརྟག་དཔྱད་ཅུས་ཀྱིས་གང་མགྱོགས་ཀྱིས་ཁག་བགོས་ནས་འབྲེལ་ཡོད་ཆ་འཕྲིན་ཁྱབ་བསྒྲགས་བྱ་རྒྱུ་ཡིན་ཞེས་ལན་བཏབ་པ་རེད།
   2001ལོའི་ཟླ་9བའི་ཚེས་11ཉིན། འཇིགས་སྐུལ་པས་ཨ་རིའི་དམངས་སྤྱོད་མཁའ་འགྲུལ་གྱི་འགྲུལ་སྐྱེལ་གནམ་གྲུ་4བཙན་འཕྲོག་བྱས་ཏེ། ཉིའུ་ཡོག་འཛམ་གླིང་ཉོ་ཚོང་ལྟེ་བའི་“ཟུང་ལྡན་ཁང་ཆེན”ལ་བརྒྱབ་ནས་གཏོར་བ་དང་། གཅིག་གིས་ཝ་ཧྲིན་ཐོན་ཟུར་ལྔའི་ཐོག་ཁང་གི་གཞོགས་གཅིག་ལ་བརྒྱབ་ཅིང་། གཅིག་ཕེན་སའོ་ཝེ་ཡ་མངའ་སྡེའི་ས་ཁོངས་སུ་ལྷུངས་ཏེ་འགྲུལ་སྐྱེལ་གནམ་གྲུ་4ཡི་མི་ཆ་ཚང་རྐྱེན་ལམ་ལ་ཤོར། འཇབ་རྒོལ་དེའི་ཁྲོད་མི་3000ཙམ་རྐྱེན་ལམ་དུ་ཤོར་བ་མ་ཟད། ཨ་སྒོར་དུང་ཕྱུར་སྟོང་ཕྲག་ཁ་ཤས་ཀྱི་དཔལ་འབྱོར་གྱོང་གུན་བཟོས་ཡོད་པ་རེད། 
“9·11”དོན་རྐྱེན་ཐོན་རྗེས། ཨ་རིས་སྐབས་དེ་དུས་ཨ་ཧྥུ་ཀ་ནི་སི་ཐན་གྱི་མངའ་ཁོངས་སུ་སྦས་ཡོད་པའི“རྟེན་གཞི”ཡི་རྩ་འཛུགས་ཀྱི་འགོ་བ་པེན་ལ་ཏིན་ནི་གཏེ་བོ་དེ་ཡིན་པར་ངོས་བཟུང་ནས། 2001ལོའི་ཟླ་10པར། ཨ་ཧྥུ་ཀ་ནི་སི་ཐན་ལ“འཇིགས་སྐུལ་ལ་ངོ་རྒོལ་བྱེད་པའི་དམག་འཁྲུག”བརྒྱབ་པ་རེད། 

39.7K

ཐག་རག་ཡིག་བསྒྱུར་མ་ལག

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1