རྟའུ་རྫོང་གིས་སྟོན་བསྡུ་ལས་ལ་བྲེལ།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ཁམས་པའི་དྲ་བ། སྤེལ་དུས། 09-07



སྤྱི་ཟླ8པའི་ཚེས29ཉིན་ལ་རྟའུ་རྫོང་དགེ་བཤེས་ཡུལ་ཤོག་རོགས་ཙོ་གྲོང་སྡེའི་རྡོ་རྗེ་ཚང་གི་ཁྱིམ་མི་རྣམས་ཞོགས་པ་སྔ་མོ་ནས་ལངས་ཏེ་མཉམ་འབྲེལ་བརྔ་བསྡུ་འཕྲུལ་འཁོར་དང་འདྲུད་འཐེན་འཕྲུལ་འཁོར་བཏང་ནས་་གྲོ་ཞིང་ནང་དུ་ཡོང་སྟེ་ལོ་ཏོག་བརྔ་བསྡུའི་ལས་ལ་བྲེལ་བཞིན་འདུག

ཞོགས་པའི་བསིལ་རླུང་དལ་པོས་གྲོའི་འབྲུ་རྡོག་སྨིན་པའི་དྲི་ཞིམ་སྣའི་དབང་པོར་ལོངས་སུ་སྤྱོད་དུ་བཅུག། བརྔ་བསྡུ་འཕྲུལ་འཁོར་ཆེ་གྲས་ཤིག་གིས་གྲོ་བརྔ་བསྡུ་དང་འབྲུ་རྡོག་འདོན་པ། གྲོ་བསྡུ་བ་བཅས་བྱས་ནས་ས་ཞིང་མུའུ་8དེ་ཉིན་ཕྱེད་ཀྱི་དུས་ཚོད་ནང་བརྔ་བསྡུ་བྱས་ཚར་བ་རེད།

རྡོ་རྗེས་གྲོའི་འབྲུ་རྡོག་ཁུག་མའི་ནང་དུ་བླུགས་ཞོར་དུ“སྔོན་ཆད་སྟོན་ཐོག་བསྡུ་བར་ཞིང་བྲེལ་ཞེས་ཟེར་ལེ་རེད། དུད་ཚང་ཚང་མས་གཉེན་ཉེ་དང་གྲོགས་པོ་ཚོས་རོགས་རེས་བྱས་ནས་བརྔ་བསྡུ་བྱས་ནས་ཟླ་བ་གཅིག་རིང་ལ་ཞིང་བྲེལ་ལས་ཀ་བྱེད་དགོས། ད་ཆར་སྟོན་ཐོག་བསྡུ་སྐབས་ཁྱིམ་མི་ཁོ་ན་ཞིང་ནང་ཡོང་ནས་འཕྲུལ་ཆས་རྗེས་སུ་གྲོའི་འབྲུ་རྡོག་དང་གྲོ་སོག་ཁུག་མའི་ནང་བླུགས་ཏེ་ནང་ལ་འཁུར་ནས་སྐམ་དུ་བཅུག་ན་ཆོག་པས། ཧ་ཅང་ལས་སླ་པོ་འདུག”ཅེས་ཨ་མཚར་རྩེད་མོའི་ཚུལ་གྱི་དེ་ལྟར་བཤད།

ཡུལ་དེ་དང་སྤྱི་ལེ20ལྷག་རྒྱང་བའི་གཤིས་ཆུ་གྲོང་རྡལ་ཞང་ཉག་ལུང་པའི་ཞིང་པ་ཚོས་ཀྱང་གནམ་གཤིས་ཡག་པོ་དང་བསྟུན་ནས་གྲོ་བསྡུའི་ལས་ལ་བྲེལ་བཞིན་འདུག ། ཚང་མས་བརྔ་བསྡུ་འཕྲུལ་འཁོར་གྱི་རྗེས་ཤུལ་དེད་ནས་གྲོ་སོག་བསྡུ་སྟེ་རླངས་འཁོར་ནང་བླུག་པ། དབོར་འདྲེན་བྱེད་པ་སོགས་ཀྱི་ལས་ལ་བྲེལ་ནས་ལོ་ལེགས་ཀྱི་རྣམ་པ་བཟང་པོ་མངོན་བཞིན་འདུག

རྟའུ་རྫོང་གིས་སྟོན་བསྡུ་ལས་ལ་བྲེལ།

རྫོང་གི་གྲོང་ཁུལ་དང་སྤྱི་ལེ170ལྷག་རྒྱང་བའི་ཤར་རོང་ཡུལ་ཤོག་ཏུ་ཞིང་ལས་ལག་རྩལ་པས་ཞིང་པ་སྣེ་ཁྲིད་ནས་ཞིང་ནང་དུ་སྙེ་མ་སྨིན་ཚུལ་ལ་ལྟ་ཞིབ་བྱས་པ་དང་ཚང་མར་བརྔ་བསྡུའི་དུས་ཚོད་དང་ཐོན་ཚད་ཚོད་རྩིས་བྱེད་བཞིན་འདུག ། “ཁྱེད་ཚོས་ལྟོས་དང་། ད་ལོར་ས་བོན་གྱི་སྤུས་ཀ་ཞིབ་དཔྱད་ཚད་ལེན་དང་ཚན་རིག་དང་མཐུན་པ་འདེབས་འཛུགས་བྱས་ཏེ་ནས་ནག་གི་སྐྱེ་ཚུལ་ན་ནིང་ལས་ཡག་པོ་འདུག། ད་ཆ་ནས་འབྲུ་རྒྱས་ནས་འབྲུ་རྡོག་ཆེན་པོ་རེད་ཡོད་པས་གཟའ་འཁོར་རྗེས་མར་ང་ཚོས་བརྔ་བསྡུ་བྱེད་ཆོག་གི་རེད། སྔོན་དཔག་བྱས་ན་མུའུ་རེའི་ཐོན་ཚད་རྒྱ་མ320ཡས་མས་སུ་སླེབས་རྒྱུ་དང་ན་ནིང་དང་བསྡུར་བརྒྱ་ཆ22འཕར་རྒྱུ་རེད”ཅེས་བཤད།

རྟའུ་རྫོང་གིས་སྟོན་བསྡུ་ལས་ལ་བྲེལ།

རྫོང་ཞིང་ལས་ཚན་རྩལ་ཅུས་ཞིང་འཕྲུལ་ཉེན་མེད་ལྟ་སྐུལ་དོ་དམ་ས་ཚུགས་ཀྱི་འགན་ཁུར་བ་ལི་མིང་ཆིང་གིས་ངོ་སྤྲོད་བྱས་པར་གཞིགས་ན། ཞིང་ཁྱིམ་གྱིས་སྟོན་ཐོག་བརྔ་བསྡུའི་ཉེན་མེད་ཐོན་སྐྱེད་འགན་ལེན་བྱ་ཆེད། རྫོང་ཞིང་འཕྲུལ་ཉེན་མེད་ལྟ་སྐུལ་དོ་དམ་ས་ཚུགས་ཀྱིས་ཡུལ་ཤོག་དང་གྲོང་སྡེ་སོ་སོའི་ཞིང་ལས་འཕྲུལ་ཆས་ཀྱི་དགོས་མཁོ་སྔ་སྣུར་དུ་སྦྲེལ་མཐུད་བྱས་ནས་ལེའང་ཧྲན་དང་ཧོ་པེ། ཧོ་ནན། མན་ཉིང་སོགས་ས་ཁོངས་ལས་བརྒལ་བའི་མཉམ་འབྲེལ་བརྔ་བསྡུ་འཕྲུལ་འཁོར་གྱི་བདག་པོར་འབྲེལ་བ་བྱས་ནས་ཉེན་མེད་ཐོན་སྐྱེད་ཀྱི་འགན་འཁྲིའི་ཡི་གེར་མིང་རྟགས་བཀོད་དེ་ཁྱོན་ཡོངས་ནས་ཞིང་ལས་འཕྲུལ་ཆས་ཀྱིས་སྟོན་ཐོག་བརྔ་བསྡུ་བྱ་རྒྱུར་སྐུལ་འདེད་བཏང་བ་རེད། མིག་སྔའི་བར་རྫོང་ཡོངས་སུ་བརྔ་བསྡུ་འཕྲུལ་འཁོར50ཡོད་པའི་ནང་ཡུལ་ཤོག་དང་གྲོང་རྡལ་གྱིས་རང་གིས20ཉོ་བ་དང་ས་ཁོངས་བརྒལ་ནས་ཕྱི་ནས་འཕྲུལ་འཁོར30བོགས་མར་བླངས་ཡོད་པ་རེད།

རྟའུ་རྫོང་གིས་སྟོན་བསྡུ་ལས་ལ་བྲེལ།

རྟའུ་རྫོང་གིས་སྟོན་བསྡུ་ལས་ལ་བྲེལ།

ཤེས་རྟོགས་བྱུང་བར་གཞིགས་ན། གནམ་གཤིས་དྭངས་བ་བསྟུན་ནས་རྫོང་དེས་ཡོངས་ཀྱི་གྲོ་དང་ནས་མུའུ་ཁྲི1བརྔ་བསྡུ་བྱས་པ་དང་། ལྷག་པའི་གྲོ་དང་ནས་མུའུ་ཁྲི4.02དེ་སྤྱི་ཟླ་དགུ་པའི་ཟླ་དཀྱིལ་དུ་བརྔ་བསྡུ་བྱ་རྒྱུ་ཡིན་པ་རེད། པད་ཁ་མུའུ་ཁྲི1.6དང་ཞོག་ཁོག་མུའུ་ཁྲི1.75། མོག་རོར་ནག་པོ་སྡོང་སྒྲིལ་ཁྲི152སྨིན་དུས་སྔ་ཕྱི་ལ་གཞིགས་ནས་སྟོན་ཐོག་བརྔ་བསྡུ་བྱ་དགོས་པ་དང་སྤྱི་ཟླ10པའི་ཟླ་སྟོད་ལ་རྫོང་ཡོངས་ཀྱི་ཞིང་ལས་དངོས་རྫས་མུའུ་ཁྲི9.87བརྔ་བསྡུ་ཁྱོན་ཡོངས་ནས་ལེགས་སྒྲུབ་བྱ་རྒྱུ་རེད།། 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1