ཧྲང་ཅང་དམག་དཔོན་གྱི་གོ་རྟགས་སྤྲོད་པའི་མཛད་སྒོ་གཟབ་རྒྱས་ངང་གཉེར་བ།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས། སྤེལ་དུས། 09-07


        འདི་ག་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། སྤྱི་ཟླ་9པའི་ཚེས་6ཉིན་ཀྲུང་དབྱང་དམག་ཨུད་ཀྱིས་ཧྲང་ཅང་དམག་དཔོན་གྱི་གོ་རྟགས་སྤྲོད་པའི་མཛད་སྒོ་པེ་ཅིན་བརྒྱད་གཅིག་ཐོག་བརྩེགས་ཁང་ཆེན་དུ་གཟབ་རྒྱས་ངང་གཉེར་བ་རེད།
        ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཧྲང་ཅང་དམག་དཔོན་གྱི་གོ་རྟགས་ཐོབ་པའི་དམག་དཔོན་ལ་བཀའ་བཀོད་ལག་ཁྱེར་སྤྲད་གནང་བ་རེད།
        ཕྱི་དྲོའི་ཆུ་ཚོད་5དང་སྐར་མ་20ཙམ་ལ། གོ་རྟགས་སྤྲོད་པའི་མཛད་སྒོ་དེ་བརྗིད་ཉམས་ཆེ་བའི་རྒྱལ་གླུའི་ཁྲོད་འགོ་ཚུགས་ཤིང་། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་གཞོན་པ་ཞུས་ཆི་ལེའང་གིས་ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་མཚན་བཀོད་གནང་བའི་ཧྲང་ཅང་དམག་དཔོན་གྱི་གོ་རྟགས་ཐོབ་པའི་བཀའ་རྒྱ་སྒྲོག་སྦྱང་གནང་བ་རེད།
        ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་གཞོན་པ་ཀྲང་ཡིའུ་ཞ་ཡིས་གོ་རྟགས་སྤྲོད་པའི་མཛད་སྒོ་གཙོ་སྐྱོང་གནང་བ་རེད།
        ད་ཐེངས་ཧྲང་ཅང་དམག་དཔོན་གྱི་གོ་རྟགས་ཐོབ་པའི་དམག་དཔོན་ནི། ནུབ་ཕྱོགས་འཐབ་ཁུལ་གྱི་དམག་སྤྱི་ཝང་ཧའེ་ཅང་དང་། དབུས་རྒྱུད་འཐབ་ཁུལ་གྱི་དམག་སྤྱི་ལིན་ཤང་ཡང་། མཚོ་དམག་གི་དམག་སྤྱི་ཏུང་ཅུན། མཁའ་དམག་གི་དམག་སྤྱི་ཁྲང་ཏིང་ཇིའུ། རྒྱལ་སྲུང་སློབ་གྲྭ་ཆེན་མོའི་སློབ་སྤྱི་ཞུས་ཞུའེ་ཆང་བཅས་རེད།
        ཧྲང་ཅང་དམག་དཔོན་གྱི་གོ་རྟགས་ཐོབ་པའི་དམག་དཔོན་ལྔ་པོས་དམག་ཆས་ཡག་པོ་སྤྲས་ཏེ་དཔའ་ཉམས་ཆེ་སྐྱེད་ཀྱིས་ཀྲུའུ་ཞི་སྟེགས་བུའི་མདུན་དུ་བསྐྱོད། ཞི་ཅིན་ཕིང་གིས་ཁོང་ཚོར་བཀའ་བཀོད་ལག་ཁྱེར་སྤྲད་གནང་བ་མ་ཟད་བཀྲ་ཤིས་བདེ་ལེགས་ཞུས་པ་རེད།
        ཧྲང་ཅང་དམག་དཔོན་གྱི་ཕྲག་རྟགས་བཏགས་པའི་དམག་དཔོན་ལྔ་པོས་ཞི་ཅིན་ཕིང་ལ་གུས་འདུད་ཞུས་པ་དང་མཛད་སྒོར་ཞུགས་པའི་བློ་མཐུན་ཡོངས་ལ་གུས་འདུད་ཞུས་པར་ ་ཚོགས་ར་ཡོངས་སུ་སྤྲོ་སེམས་འཁོལ་བའི་ཐལ་མོའི་རྡེབ་སྒྲ་གྲགས་པ་རེད། གོ་རྟགས་སྤྲོད་པའི་མཛད་སྒོ་དེ་སྐད་གསང་མཐོན་པོའི་དམག་གླུའི་སྒྲ་དབྱངས་ཁྲོད་དུ་མཇུག་འགྲིལ་བ་རེད།
        དེ་རྗེས་ཞི་ཅིན་ཕིང་སོགས་འགོ་ཁྲིད་བློ་མཐུན་གྱིས་ཧྲང་ཅང་དམག་དཔོན་གྱི་གོ་རྟགས་ཐོབ་པའི་དམག་དཔོན་དང་དྲན་རྟེན་སྐུ་པར་བསྐྱོན་གནང་བ་རེད།
        ཀྲུང་དབྱང་དམག་ཨུད་ཀྱི་ཨུ་ཡོན་ཝེ་ཧྥེང་ཧོ་དང་། ལི་ཙུའོ་ཁྲེང་། མིའོ་ཧྭ། ཀྲང་ཧྲེང་རྨིན། དེ་བཞིན་དམག་ཨུད་ལས་ཁུངས་ཀྱི་སྡེ་ཚན་ཁག་དང་པེ་ཅིན་དུ་བཅའ་སྡོད་སྡེ་ཚན་ཆེ་གྲས་ཀྱི་འགོ་ཁྲིད་གཙོ་བོ་སོགས་གོ་རྟགས་སྤྲོད་པའི་མཛད་སྒོར་ཞུགས་ཡོད་པ་རེད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1