པཎ་ཆེན་མཆོག་གིས་ལྷ་སར་སྤྱི་ཚོགས་ཀྱི་བྱེད་སྒོ་སྤེལ་གནང་འདུག

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།བོད་ལྗོངས་ཉིན་ཚགས། སྤེལ་དུས། 09-08



          ཉིན་ཤས་བསྟུད་མར། རྒྱལ་ཡོངས་སྲིད་གྲོས་ཀྱི་རྒྱུན་ཨུ་དང་། ཀྲུང་གོ་ནང་བསྟན་མཐུན་ཚོགས་ཀྱི་ཚོགས་གཙོ་གཞོན་པ། ཀྲུང་གོ་ནང་བསྟན་མཐུན་ཚོགས་བོད་ལྗོངས་ཡན་ལག་མཐུན་ཚོགས་ཀྱི་ཚོགས་གཙོ། བོད་ལྗོངས་དར་རྒྱས་རོགས་སྐྱོར་ཐེབས་རྩ་ལྷན་ཚོགས་ཀྱི་ལས་འཛིན་དཔོན་བཅས་ཡིན་པའི་པཎ་ཆེན་ཨེར་ཏེ་ནི་ཆོས་ཀྱི་རྒྱལ་པོས་ལྷ་སར་བོད་ལྗོངས་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་ངོ་70འཁོར་བའི་གྲུབ་འབྲས་འགྲེམས་སྟོན་ལ་གཟིགས་སྐོར་གནང་བ་མ་ཟད། བོད་ལྗོངས་དར་རྒྱས་རོགས་སྐྱོར་ཐེབས་རྩ་ལྷན་ཚོགས་ཀྱི་ལས་དོན་སྙན་ཞུའི་ཚོགས་འདུར་ཡང་ཞུགས་པ་རེད།
པཎ་ཆེན་མཆོག་གིས་བོད་ལྗོངས་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་ངོ་70འཁོར་བའི་གྲུབ་འབྲས་འགྲེམས་སྟོན་ལ་གཟིགས་སྐོར་གནང་བཞིན་པ།
          ཟླ་9ཚེས་1ཉིན། པཎ་ཆེན་མཆོག་གིས་བོད་ལྗོངས་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་ངོ་70འཁོར་བའི་གྲུབ་འབྲས་འགྲེམས་སྟོན་ལ་གཟིགས་སྐོར་གནང་ཞིང་། པཎ་ཆེན་མཆོག་འགྲེམས་ཁུལ་དུ་ཕེབས་ནས་འགྲེམས་པང་ལ་ཞིབ་ཚགས་གཟིགས་པ་དང་འགྲེལ་བཤད་ནན་ཏན་ངང་གསན་པ་རེད། 1949ལོར་པཎ་ཆེན་སྐུ་ཕྲེང་བཅུ་པ་མཆོག་གིས་ཏང་ཀྲུང་དབྱང་ལ་གློག་འཕྲིན་བཏང་ནས་བོད་ལྗོངས་ལ་བཅིངས་འགྲོལ་གཏོང་རྒྱུའི་རེ་འདུན་མཚོན་པའི་ཡིག་རིགས་ཀྱི་དཔྱད་གཞིའི་པར་རིས་དང་། 1951ལོར་པཎ་ཆེན་སྐུ་ཕྲེང་བཅུ་པ་མཆོག་ཟི་ལིང་ནས་བོད་ལྗོངས་སུ་ཕྱིར་ལོག་མ་གནང་གོང་དུ་ཞི་ཀྲུང་ཤུན་གྱིས་མའོ་ཀྲུའུ་ཞི་དང་ནུབ་བྱང་དམག་སྲིད་ཨུ་ཡོན་ལྷན་ཁང་གི་ཚབ་ཞུས་ཏེ་སྐུ་ངོ་མས་ཕེབས་སྐྱེལ་ཞུས་པའི་པར་རིས། 1958ལོར་བོད་ལྗོངས་སྤྱི་སློབ་ཀྱི་སློབ་མའི་ཁྱིམ་ཚང་གི་གྲུབ་ཆའི་བསྡོམས་རྩིས་རེའུ་མིག་སོགས་ཀྱི་འགྲེམས་པང་ལ་གཟིགས་ཞོར་དུ་འབྲེལ་ཡོད་གནས་ཚུལ་བཀའ་འདྲི་ཞིབ་ཕྲ་གནང་བ་མ་ཟད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བོད་ལྗོངས་སུ་གཟིགས་ཞིབ་གནང་སྐབས་ཀྱི་གསར་འགྱུར་བརྙན་ལམ་གྱི་དཔྱད་གཞིར་ཡང་ནན་ཏན་ངང་གཟིགས་པ་རེད། འགྲེམས་སྟོན་ལ་གཟིགས་སྐབས་པཎ་ཆེན་མཆོག་ལ་བོད་ལྗོངས་ཞི་བས་བཅིངས་འགྲོལ་དང་། དམངས་གཙོའི་བཅོས་སྒྱུར། རང་སྐྱོང་ལྗོངས་དབུ་བརྙེས་པ། སྤྱི་ཚོགས་རིང་ལུགས་འཛུགས་སྐྲུན། སྒྱུར་བཅོས་སྒོ་དབྱེ། དུས་རབས་གསར་པར་སླེབས་པ་བཅས་ཀྱི་ལོ་རྒྱུས་ཀྱི་འཕེལ་རིམ་ལས་མྱོང་ཚོར་ཟབ་མོ་བྱུང་བ་མ་ཟད། ཀྲུང་གོ་གུང་ཁྲན་ཏང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག་བོད་ལྗོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་ཐོབ་པའི་གྲུབ་འབྲས་རླབས་པོ་ཆེར་སྙིང་དབུས་ནས་བསྔགས་བརྗོད་ཀྱང་གནང་བ་རེད།
པཎ་ཆེན་མཆོག་བོད་ལྗོངས་དར་རྒྱས་རོགས་སྐྱོར་ཐེབས་རྩ་ལྷན་ཚོགས་ཀྱི་ལས་དོན་སྙན་ཞུའི་ཚོགས་འདུར་ཞུགས་པ།
          ཟླ་9ཚེས་2ཉིན། པཎ་ཆེན་མཆོག་བོད་ལྗོངས་དར་རྒྱས་རོགས་སྐྱོར་ཐེབས་རྩ་ལྷན་ཚོགས་ཀྱི་ལས་དོན་སྙན་ཞུའི་ཚོགས་འདུར་ཞུགས་ཤིང་། པཎ་ཆེན་མཆོག་གིས། ང་ཚོས་དུས་རབས་ཀྱི་གོམ་སྟབས་དང་བསྟུན་པ་དང་ཆེད་ལས་སློབ་སྦྱོང་ལ་ཤུགས་སྣོན་བརྒྱབ་ནས། དགེ་སྒྲུབ་ཀྱི་ཆེད་ལས་ཤེས་ལྡན་མི་སྣ་གསོ་སྐྱོང་བྱས་ཏེ་གཅེས་སེམས་བརྒྱུད་སྤྲོད་བྱེད་མཁན་ཞིག་ཏུ་ཧུར་ཐག་འགྱུར་བ་བྱེད་དགོས། གྲོང་གསེབ་དར་རྒྱས་ལ་ཞབས་འདེགས་ཞུ་བའི་ཏང་དང་སྲིད་གཞུང་གི་ལྟེ་བའི་ལས་དོན་ལ་དམིགས་ཏེ་མི་རིགས་བསྐྱར་དར་གྱི་བྱ་གཞག་རླབས་པོ་ཆེ་སྤེལ་རིང་ཏང་དང་མི་དམངས་ལ་བྱས་རྗེས་འཇོག་དགོས། ཏང་གི་འགོ་ཁྲིད་མཐའ་འཁྱོངས་དང་། ལས་ཁུངས་འཛུགས་སྐྱོང་ལ་ཤུགས་སྣོན། ལས་སྒྲུབ་ལས་གཏོད་ཀྱི་རྣམ་པ་གཏོད་པ་བཅས་བྱས་ཏེ་ཏན་ཏིག་གི་ལས་ཀའི་ཕན་འབྲས་ལ་བརྟེན་ནས་སྔོན་བྱོན་པ་དང་ཏང་གི་རེ་བ་ཆུད་ཟོས་སུ་གཏོང་མི་རུང་། དགེ་སྒྲུབ་ཀྱི་སྙིང་སྟོབས་དར་སྤེལ་གཏོང་བ་དང་། འགག་སྒོ་ནན་པོ་སྲུང་བ། མཐའ་ཚད་ཡག་པོ་སྲུང་བ་བཅས་བྱས་ཏེ་དུས་རབས་གསར་པ་དང་འཚམ་པའི་སྤྱི་ཕན་དགེ་སྒྲུབ་བྱེད་སྟངས་གསར་པ་འཚོལ་ཞིབ་ཧུར་ཐག་བྱས་ནས་མཐུན་སྒྲིལ་དང་། འབྱོར་ཕྱུག ཤེས་དཔལ། ཞི་མཐུན། མཛེས་སྡུག་བཅས་ལྡན་པའི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་འཛུགས་སྐྲུན་བྱ་ཆེད་དགེ་མཚན་ལྡན་པའི་གཞོགས་འདེགས་ཀྱི་ནུས་པ་འདོན་དགོས་ཞེས་གསུངས་པ་རེད།

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1