རྨ་འབྲི་ཡི་མགོ་ཁུངས།། མཛེས་སྡུག་གི་རྩྭ་ཐང་།།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།རྔ་བའི་གསར་འགྱུར་དྲ་བ། སྤེལ་དུས། 09-10



རྔ་བ་ཁུལ་གྱི་རྩྭ་ཐང་ཆེན་མོའི་གནས་ཚུལ་བཀོད་པ།

      རྔ་བ་ཁུལ་གྱི་རྩྭ་ཐང་དུས་བཞིའི་མཛེས་པ་ལྟ་ན་སྡུག རྔ་ཁུལ་གྱི་རྨ་ཆུའི་བཞུར་ཁོངས་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ་ཁྲི་1.87ཡོད་པ་དང་། ཁོངས་འདི་ནི་རྔ་ཁུལ་གྱི་རྨ་ཆུའི་རྩྭ་ཐང་ཆེན་མོ་ཡིན་ལ། འདིར་ཧུང་ཡོན་དང་། མཛོད་དགེ། རྔ་བ། འཛམ་ཐང་། ཟུང་ཆུ་རྫོང་སོགས་ཀྱི་རྩྭ་ཐང་འདུས་ཡོད། རྔ་ཁུལ་གྱི་རང་བྱུང་རྩྭ་རའི་རྒྱ་ཁྱོན་ལ་མུའུ་ཁྲི་6782.85ཡོད་པ་དང་། ཁུལ་ཡོངས་ཀྱི་རྩྭ་ཐང་རིགས་9རུ་བགོས་ཆོག་ལ། ཚན་ཁག་29རུ་བགོས་ཡོད་པ་དང་དབྱིབས་118དུ་བགོས་ཡོད།

      མུ་མཐའ་མེད་པའི་རང་བྱུང་གི་བཀོད་པ་དང་ཕུན་སུམ་ཚོགས་པའི་མི་ཆོས་རིག་གནས། སྐྱེ་ཁམས་གཙིགས་སུ་བཀུར་བ། སྣ་མང་སྐྱེ་དངོས་འཆམ་མཐུན་མཉམ་གནས་སོགས་ལས་རྔ་བའི་རིག་ལྗོངས་ཟོང་རྟགས་ཆེན་མོ་དགུ་ཡི་ཡ་གྱལ་ཏེ་རྩྭ་ཐང་ཆེན་མོ་ཐོན་པ་རེད།

  ལྟ་ན་སྡུག་པའི་རང་བྱུང་གི་བཀོད་པ། ཕུན་སུམ་ཚོགས་པའི་ཡུལ་སྲོལ་གོམས་གཤིས།

      ལོ་རེའི་དབྱར་ཁ་སླེབས་པ་ནས། རྔ་ཁུལ་གྱི་མུ་མཐའ་མེད་པའི་རྩྭ་ཐང་དང་། དྭངས་གསལ་གྱི་མཚོ་དང་མཚེའུ་སོགས་མཛེས་ལྗོངས་སྣ་ཚོགས་ལྟ་བས་ཆོག་མི་ཤེས་ལ། ཕྱོགས་བཞི་མཚམས་བརྒྱད་ནས་ཕེབས་པའི་ལྗོངས་སྐོར་སྐུ་མགྲོན་རྣམས་ཀྱི་ཡིད་དབང་འཕྲོག

      རྔ་བ་རྫོང་གི་གཉན་པོ་གཡུ་རྩེའི་ཚར་དུ་དངར་བའི་རི་བོའི་མུ་ཁྱུད་དང་། ངོ་མཚར་བའི་མཚོ་དང་མཚེའུ། མུ་མཐའ་བྲལ་བའི་མཎྜལ་ཐང་གི་སོགས་སུ་རྟ་ནོར་ལུག་གསུམ་གྱི་ཕྲ་རྒྱན་བཏབ་པ་བཞིན་དཀར་ནག་ཕྱུགས་རིགས་ཀྱི་འཕེལ་ཁ་ལེགས།

      མཛོད་དགེ་རྫོང་གི་ཁྱད་དུ་འཕགས་པའི་མཚོ་ཁྲ་ཁྱེབ་ཀྱི་རང་བྱུང་གི་བཀོད་པ་དང་། ཁྱད་ཆོས་འཛོམས་པའི་ཡུལ་སྲོལ་གོམས་གཤིས། གཡུ་འབྲུག་ཐང་ལ་ཉལ་འདྲའི་རྨ་ཁུག་དང་བོ། ངོ་མཚར་བའི་ལྷ་མོ་གྲོག་རོང་ཆེན་མོ། རྐྱང་ཚའི་ཆུ་ཁོལ། གདོད་མའི་ནགས་ཚལ་སོགས་མཛེས་ལྗོངས་བགྲང་གིས་མི་ལངས།

      ཧུང་ཡོན་རྫོང་མཁར་དང་བར་ཐག་སྤྱི་ལེ་གསུམ་ཙ་ན། སྦྲུལ་ནག་ཐང་ལ་འཁྱིལ་འདྲ། ཚེས་རེས་ཐང་ལ་བབ་འདྲའི་ཟླ་ཚེས་སྐ་ཁུག་ཡོད་ལ། ས་སྲོད་དུ་མཚམས་སྤྲིན་གྱིས་རྩྭ་ཐང་གི་ཁ་དོག་བསྒྱུར་འགྲོ་ལ། ཁྱོད་ཀྱི་ཡིད་ཀྱི་བརྟན་པ་དབང་མེད་དུ་འཕྲོག་ངེས།

      འཛམ་ཐང་རྫོང་དུ་རྩྭ་ཐང་དང་གྲོག་རོང་སྤེལ་མར་ཡོད་ལ། རི་རྩེ་རུ་འཐེན་པའི་ལམ་ཕྲན་གྱི་སྣེ་མོ་རེ་རེར་མཛེས་ལྗོངས་རེ་ཡོད།

      རྨ་ཆུ་དང་འབྲི་ཆུས་ཡུལ་གྲུ་འདིར་མཛེས་སྡུག་གི་རྩྭ་ཐང་བསྐྲུན་པ་ལས་གཞན་དུ། ཕུན་སུམ་ཚོགས་པའི་མི་ཆོས་ཡུལ་སྲོལ་བསྐྱངས་ནས་ཡོད། གནས་འདི་ནི་དམར་དམག་རྒྱང་སྐྱོད་ཀྱི་རྩྭ་ཐང་ཡིན་ལ། འདི་རུ་ངོ་མཚར་རྨད་དུ་བྱུང་བའི་མི་རིགས་ཀྱི་རིག་གནས་དར་ཡོད། ཨ་མདོའི་སྡོད་དམངས་དང་། རྒྱན་གོས། ཟློས་གར། ཐང་ག རྟ་རྒྱུག་དུས་སྟོན་སོགས་མང་དུ་ཡོད་པར་མ་ཟད། གོ་ལ་ཧྲིལ་བོར་མིང་དུ་གྲགས་པའི་མི་རིགས་རོལ་དབྱངས་དུས་སྟོན་ཏེ་ནོར་གནག་རོལ་དབྱངས་དུས་སྟོན་ཡོད། མི་རིགས་ཀྱི་ཁྱད་ཆོས་མངོན་པར་དོད་པའི་ནོར་གནག་རིག་གནས་དུས་སྟོན་དང་། དབྱར་སྟོན། རྫ་ཁྲོམ་སོགས་ཁྱད་ཆོས་འཛོམས་པའི་ཟོང་རྟགས་མང་བོ་ཡོད།

སྐྱེ་ཁམས་སླར་གསོ་རྩ་བར་འཛིན། མཛེས་པའི་བརླན་ས་སྲུང་སྐྱོང་བྱེད།

      རང་ཁུལ་ནི་མཚོ་བོད་མཐོ་སྒང་གི་ཤར་ལྷོའི་རྒྱུད་དུ་ཡོད་ཅིང་། སི་ཁྲོན་དང་ཡང་ན་ནུབ་རྒྱུད་ས་ཁུལ་གྱི་སྐྱེ་ཁམས་སྲུང་ཡོལ་གལ་ཆེན་ཞིག་ཡིན་ལ། རྨ་འབྲིའི་ཆུ་མགོ་གལ་ཆེན་དང་རྒྱལ་ཁབ་ཀྱིས་གཏན་འཁེལ་བའི་སྐྱེ་ཁམས་བྱེད་ནུས་གལ་ཆེན་ས་ཁུལ་ཡིན། ས་ཁོངས་འདིའི་མཛོད་དགེའི་བརླན་ས་ནི་རང་རྒྱལ་གྱི་བརླན་ས་ཆེན་མོ་གསུམ་གྱི་ཡ་གྱལ་ཡིན་ལ། རྒྱལ་སྤྱིའི་བརླན་ས་གལ་ཆེན་གྱི་གྲས་སུ་བཞག་ཡོད། རྨ་ཆུའི་སྟོད་རྒྱུད་ཀྱི་ཆུའི་བརྒྱ་ཆ་30འདི་ནས་ཐོན་པ་ཡིན་པས། རྨ་ཆུའི་མཁལ་མ་ལྟ་བུའི་ཆུ་མགོ་ཡིན་པར་མ་ཟད། ཀྲུང་གོའི་ཆུའི་མཆོད་རྟེན་གྱི་གྲུབ་ཆ་གཙོ་བོ་ཡིན་ལ། རྨ་ཆུ་དང་འབྲི་ཆུའི་སྐྱེ་ཁམས་བདེ་འཇགས་ཀྱི་འགན་ཕྲག་ཏུ་བླངས་ཡོད།

      ཡིན་ནའང་། དུས་རབས་སྔོན་མའི་ལོ་རབས་དྲུག་ཅུ་དང་བདུན་ཅུ་བ་ནས་བཟུང་། རྩྭ་ཐང་གི་འབྲོག་པ་མང་ཚོགས་ཀྱིས་ཕྱུགས་རིགས་མང་དུ་འཚོས་ཤིང་། རྩྭ་ཐང་དང་བརླན་ས་ཀུན་ཏུ་རྐ་བརྐོས་ཏེ་ཆུ་བཞུར་དུ་བཅུག་པས། བརླན་སའི་སྐྱེ་ཁམས་དང་ཆུ་གསོག་གི་ནུས་པར་གཏོར་བརླག་ཚབས་ཆེན་ཐེབས། བརླན་ས་ནས་སྤང་ཐང་དང་སྤང་ཐང་ནས་བྱེ་འགྱུར་སོགས་ཉིན་རེ་ནས་ཉིན་རེ་བཞིན་ཇེ་སྡུག་ཏུ་ཕྱིན་པས། རྩྭ་ཐང་གི་སྐྱེ་ཁམས་ཛ་དྲག་གི་ཚོད་བརྒམ་ལ་འཕྲད།

      ལོ་ངོ་མང་བོའི་རིང་གི་བྱེ་འགྱུར་གྱི་འཐབ་རྩོད་ལས་རང་ཁུལ་གྱིས་མཐོ་འཁྱགས་བྱེ་ཐང་གི་བཅོས་སྐྱོང་ཐབས་ལམ་རྙེད་ཅིང་། ལོ་ངོ་མང་བོའི་རིང་གི་བཅོས་སྐྱོང་ལས་རང་ཁུལ་གྱི་བྱེ་འགྱུར་དང་ས་ཆུ་ཤོར་བའི་གནད་དོན་རིམ་བཞིན་ཚོད་འཛིན་ཐུབ་ཡོད་ལ། གཙང་བོ་རུ་བཞུར་བའི་བྱེ་མ་ཇེ་ཉུང་དུ་ཕྱིན་པས། ཀྲུང་ཧྭ་མི་རིགས་ཀྱི་ཆུའི་མཆོད་རྟེན་སྲུང་སྐྱོང་གི་འགན་འཁུར་ལེགས་པར་བསྒྲུབས་ཡོད།

      བྱེ་ས་བཅོས་སྐྱོང་གི་གཞན་དུ་རང་ཁུལ་གྱིས་རྩྭ་གསོ་འཚོ་བཀག་དང་། རྩྭ་ཕྱུགས་དོ་སྙོམས་སོགས་རྩྭ་ཐང་སྲུང་སྐྱོང་གི་རྨང་གཞིའི་ལམ་ལུགས་ལག་ཏུ་བསྟར་ཞིང་། ཕྱུགས་བཀག་རྩྭ་འདེབས་ཀྱི་ལས་གཞི་དང་རྩྭ་ཐང་སྐྱེ་ཁམས་སླར་གསོ་བཅོས་སྐྱོང་གི་ལས་གཞི་ལག་ཏུ་བསྟར་ནས། རྩྭ་ཐང་སྲུང་སྐྱོང་གི་དྲིལ་སྒྲོག་སྤེལ་བ་སོགས་ཀྱིས་རྩྭ་ཐང་གི་སྐྱེ་ཁམས་ཇེ་ལེགས་སུ་སོང་ཡོད། ཧུང་ཡོན་རྩ་ཐང་ཆེན་མོ་དང་རྔ་བའི་མནྡལ་ཐང་རྩྭ་ཐང་ཆེན་མོ། མཛོད་དགེའི་གཟའ་རུའི་སྒོ་མོ་ཐང་བཅས་སི་ཁྲོན་གྱི་རྩྭ་ཐང་ཡག་ཤོས་བཅུ་རུ་བདམས་ཡོད།

སྣ་མང་སྐྱེ་དངོས་སྲུང་སྐྱོང་བྱས་ཏེ། འཆམ་མཐུན་ཁྱིམ་གཞིས་མཉམ་དུ་སྐྲུན།

      ལྟ་ན་སྡུག་པའི་ཡུལ་གྲུ་འདིར་མཐོང་དཀོན་པ་དང་སྣ་མང་བའི་སྲོག་ཆགས་དང་རྩི་ཤིང་གི་ཐོན་ཁུངས་ཕུན་སུམ་ཚོགས་པ་ཡོད། འདི་རུ་རང་རྒྱལ་གྱི་རྟ་མཆོག་ཆེན་མོ་གསུམ་གྱི་ཡང་རྩེ་རྨ་ཁུག་རྟ་མཆོག་ཡོད་ལ། རྒྱལ་ཁབ་རིམ་པ་དང་བོའི་སྲུང་སྐྱོང་སྲོག་ཆགས་ཁྲུང་ཁྲུང་སྐེ་ནག་ཡོད། དེ་མིན་ཤྭ་ཁྲ་སོགས་རི་སྐྱེས་སྲོག་ཆགས་མང་བོ་ཡོད་པས། རང་རྒྱལ་གྱི་སྐྱེ་དངོས་སྣ་མང་རང་བཞིན་གྱི་གནད་འགག་གི་ས་ཁོངས་ཤིག་ཡིན་པར་མ་ཟད། འཛམ་གླིང་ཡོངས་ཀྱི་མཐོ་སྒང་གི་སྲོག་ཆགས་རིགས་མང་ཤོས་ཀྱི་ས་ཁོངས་ཤིག་ཀྱང་ཡིན་པས། སྐྱེ་དངོས་དཀོན་པོའི་གཞི་རྒྱུའི་གཏེར་མཛོད་ཀྱི་མཚན་སྙན་ཡོད།

      ཟླ་7ཚེས་21ཉིན་སི་ཁྲོན་ཀན་སུའུ་མཚོ་སྔོན་སོགས་ཞིང་ཆེན་གསུམ་གྱི་རྟ་ཕོ་སྟོང་ལྷག་འཛོམས་པའི་མཛོད་དགེ་རྫོང་གི་སྐབས་དགུ་བའི་རྨ་རྒྱུད་རྟ་མཆོག་གི་ཨ་མདོའི་རྟ་རྒྱུག་འགྲན་ཚོགས་ཆེན་མོ་མཇུག་བསྒྲིལ་བ་དང་། བྱེད་སྒོ་རུ་གཤིབ་རྟ་སྟོང་ལྷག་གི་རྟ་རྒྱུག་གི་ལྟད་མོ་དང་། ངོ་མཚར་བའི་རྟ་རྩལ་བའི་འཁྲབ་སྟོན་སོགས་ཀྱིས་ཕྱོགས་བཞིའི་སྐུ་མགྲོན་ཡོངས་ལ་རྨ་རྒྱུད་རྟ་མཆོག་གི་རིག་གནས་ངོམས་ཤིང་། རྨ་ཆུའི་རྩྭ་ཐང་ཆེན་མོའི་ཡུལ་སྲོལ་ཉམས་སུ་ལེན་དུ་བཅུག

      རྒྱུས་ལོན་པ་ལྟར་ན། སི་ཁྲོན་མཛོད་དགེའི་བརླན་ས་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་ནི་1998ལོའི་ཟླ་8པར་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཆོག་མཆན་གནང་བ་ཡིན་ལ། 2008ལོར་རྒྱལ་སྤྱིའི་བརླན་ས་གལ་ཆེན་གྱི་གྲས་སུ་བདམས་ནས། ཁྲུང་ཁྲུང་སྐེ་ནག་སོགས་སྲོག་ཆགས་རྩ་ཆེན་གྱི་རིགས་ལ་འཚོ་སྡོད་ཀྱི་ཁོར་ཡུག་བསྐྲུན་ཡོད། ཁྲུང་ཁྲུང་ཁྱུ་དང་ཁྱུ་བྱས་ནས་མང་དུ་འདུས་པ་འདིས་ཕྱོགས་གཅིག་གནས་སྲུང་སྐྱོང་གི་གྲུབ་འབྲས་མཚོན་གྱིན་ཡོད།

      དབྱར་ཁ་དང་སྟོན་ཁའི་དུས་སུ་ཧུང་ཡོན་རྫོང་ལུང་བཟང་གི་འབྲོག་པ་ཉི་མ་འོད་ཟེར་གྱིས་ཆ་མེད་རྣམས་ཁོང་གི་རྩྭ་རར་ཡོང་དུ་འཇུག་གི་མེད། དེ་ནི་ཉེ་བའི་ལོ་ཤས་རིང་ནས་བཟུང་ལོ་རེ་རེར་ཁྲུང་ཁྲུང་གི་སྒོ་ང་གནས་འདིར་འཇོག་གི་ཡོད་པས་ཡིན། ངས་རྟ་ཞོན་ནས་ཁྲུང་ཁྲུང་ཚོའི་གམ་དུ་སོང་ནའང་། ཁྲུང་ཁྲུང་རྣམས་འཕུར་མི་སྲིད་ལ། ད་ནི་དངོས་གནས་གོམས་ལོབས་སུ་ཕྱིན་འདུག་ཅེས་བཤད།།

      སྐྱེ་དངོས་སྣ་མང་རང་བཞིན་ལ་སྲུང་སྐྱོང་བྱས་ཏེ། མི་དང་རང་བྱུང་འཆམ་མཐུན་མཉམ་གནས་བྱ། རྩྭ་ཐང་གི་བུ་རབས་ཚ་རྒྱུད་ཚོས་རང་བྱུང་ཁམས་ལ་བརྩི་བཀུར་དང་། རང་བྱུང་ཁམས་ལ་སྲུང་སྐྱོང་གི་གཏམ་རྒྱུད་མང་དུ་བྲིས་ཏེ། མཉམ་དུ་གཙང་བོའི་མགོ་ཁུངས་དང་བརླན་ས་ཡག་ཤོས་འདི་འབད་པས་སྲུང་ཡ།།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1