ཞི་ཅིན་ཕིང་གིས་དགེ་རྒན་རྣམས་ལ་དུས་ཆེན་གྱི་སྨོན་འདུན་ཞུས་པ།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས། སྤེལ་དུས། 09-13



          དགེ་རྒན་དུས་ཆེན་ཐེངས་སུམ་ཅུ་སོ་བདུན་པ་འཆར་ཉེའི་མཚམས་སུ། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་སྤྱི་ཟླ་9པའི་ཚེས་8ཉིན་རྒྱལ་ཡོངས་ཀྱི་མཐོ་རིམ་སློབ་གྲྭའི་ཧོང་ཏ་ཉན་ལ་སློབ་སྦྱོང་དགེ་རྒན་ཚོགས་པའི་འཐུས་མིར་འཕྲིན་ལན་སྤྲིངས་ནས་ཁོང་རྣམ་པར་ཐུགས་རེ་ཆེན་པོ་བཅོལ་གནང་བ་མ་ཟད། རྒྱལ་ཡོངས་ཀྱི་རྒྱ་ཆེའི་དགེ་རྒན་རྣམས་ལ་དུས་ཆེན་གྱི་བཀྲ་ཤིས་བདེ་ལེགས་དང་ལྷག་བསམ་དག་པའི་སྨོན་འདུན་ཞུས་གནང་ཡོད། 
          ཞི་ཅིན་ཕིང་གི་འཕྲིན་ལན་ནང་། ཁྱེད་ཚོས་བློ་མཐུན་ཧོང་ཏ་ཉན་མིག་དཔེར་བཟུང་ནས་རང་འཁྲིའི་ལས་གནས་ཐོག་གཞི་རྐང་ཚུགས་པ་དང་ཚོགས་པའི་སྟོབས་ཤུགས་གཅིག་སྡུད་གནང་བར་བརྟེན། དཔེ་ཁྲིད་མི་སྐྱོང་དང་ཚན་ཞིབ་གསར་གཏོད་སོགས་ཀྱི་ཐད་དགའ་འོས་པའི་གྲུབ་འབྲས་ཐོབ་ཡོད་པས། ང་རང་དགའ་ཚོར་ཆེན་པོ་བྱུང་ཞེས་འཁོད་ཡོད། 
          ཞི་ཅིན་ཕིང་གིས། དགེ་རྒན་ཡག་པོ་ཞིག་ཡིན་ཚེ་ཤེས་ཡོན་དང་སྤྱོད་ལམ་ཀུན་གྱི་ཐད་གཞན་ལ་མིག་དཔེ་འདོན་ཐུབ་མཁན་ཞིག་ཡིན་དགོས། ཁྱེད་ཚོས་མུ་མཐུད་བློ་མཐུན་ཧོང་ཏ་ཉན་སོགས་ཕུལ་བྱུང་དགེ་རྒན་གྱི་བླ་ན་མེད་པའི་སྙིང་སྟོབས་སློབ་སྦྱོང་དང་དར་སྤེལ་བཏང་ཐོག རྒྱལ་ཡོངས་ཀྱི་མཐོ་རིམ་སློབ་གྲྭའི་རྒྱ་ཆེའི་དགེ་རྒན་དང་ལྷན་དུ་རང་གཅུན་སྤྱོད་བཟང་དང་། ཐོས་པ་སློབ་གཉེར། སྒོ་འབྱེད་གསར་གཏོད་བཅས་ཀྱིས་ཤེས་བྱ་ཡོན་ཏན་དང་བྱ་བ་སྤྱོད་ལམ་དངོས་སུ་གཅིག་གྱུར་ཡོང་བ་གནང་སྟེ། སློབ་མའི་འཚར་ལོངས་ལམ་བུའི་ལམ་སྣེ་འཁྲིད་མཁན་ཡག་པོ་ཞིག་གནང་ནས། ཀུན་སྤྱོད་དང་ཤེས་རིག ལུས་རྩལ། མཛེས་རྩལ། ངལ་རྩོལ་བཅས་ཁྱོན་ཡོངས་ནས་གོང་འཕེལ་འགྲོ་བའི་སྤྱི་ཚོགས་རིང་ལུགས་ཀྱི་འཛུགས་སྐྲུན་པ་དང་རྒྱུན་འཛིན་པ་གསོ་སྐྱོང་བྱ་རྒྱུ་དང་། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་སྐྲུན་ཆེད་ལེགས་སྐྱེས་གསར་པ་ཟམ་མི་ཆད་པར་འབུལ་རྒྱུའི་རེ་བ་ཡོད་ཅེས་ནན་སྟོན་གནང་ཡོད་པ་རེད། 
          སྤྱི་ལོ་2017ལོར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཅི་ལིན་སློབ་ཆེན་གོ་ལའི་འཚོལ་ཞིབ་ཐིག་ལེན་ཚན་རིག་དང་ལག་རྩལ་སློབ་གླིང་གི་དགེ་རྒན་ཆེ་མོ་ཧོང་ཏ་ཉན་གྱི་སྔོན་ཐོན་མཛད་རྗེས་ཐད་མཛུབ་སྟོན་གལ་ཆེན་གནང་ཡོད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱ་ཆེད། སློབ་གསོ་པུས་སྤྱི་ལོ་2017ལོར་རྒྱལ་ཡོངས་ཀྱི་མཐོ་རིམ་སློབ་གྲྭས་ཧོང་ཏ་ཉན་ལ་སློབ་སྦྱོང་བྱེད་པའི་དགེ་རྒན་ཚོགས་པ་འཛུགས་རྒྱུའི་བྱེད་སྒོ་ལག་བསྟར་བྱས་ཡོད་པ་དང་། ཁག་དང་པོར་གཏན་འཁེལ་བྱས་པའི་དགེ་རྒན་ཚོགས་པ་201ནི་རྒྱལ་ཡོངས་ཀྱི་ཤར་རྒྱུད་དང་དབུས་རྒྱུད། ནུབ་རྒྱུད་བཅས་ཞིང་ཆེན་ཁག་ནས་ཡོང་བའི་མཐོ་སློབ200ཡི་རིག་ཚན་ཁག་གི་དགེ་རྒན་ཡིན། ཉེ་ཆར། ཁག་དང་པོའི་དགེ་རྒན་ཚོགས་པའི་འཐུས་མིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ལ་འཕྲིན་ཡིག་སྤྲིངས་ནས་སློབ་ཁྲིད་དང་ཚན་ཞིབ་སོགས་ཀྱི་ལས་ཀའི་གནས་ཚུལ་སྙན་སེང་ཞུས་པ་དང་། སློབ་གསོར་བརྟེན་ནས་རྒྱལ་ཁབ་ལ་དྲིན་ལན་འཇལ་བའི་ཕུགས་བསམ་བརྟན་སྲུང་དང་མི་རིགས་བསྐྱར་དར་ཆེད་སྟོབས་ཤུགས་ལེགས་སྐྱེས་སུ་འབུལ་རྒྱུའི་ཆོད་སེམས་མཚོན་ཡོད་པ་རེད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1