ཞི་ཅིན་ཕིང་གསེར་གྱོམ་རྒྱལ་ཁབ་ཀྱི་མགོ་ཁྲིད་པའི་ཐུག་འཕྲད་ཐེངས་བཅུ་གསུམ་པར་ཞུགས་པར་མ་ཟད་གསུང་བཤད་གལ་ཆེན་གནང་།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།མཚོ་སྔོན་བོད་སྐད་རླུང་འཕྲིན། སྤེལ་དུས། 09-14



 ཟླ་དགུ་བའི་ཚེས་དགུ་ཉིན་གྱི་དགོང་མོར། གསེར་གྱོམ་རྒྱལ་ཁབ་ཀྱི་མགོ་ཁྲིད་པའི་ཐུག་འཕྲད་ཐེངས་བཅུ་གསུམ་པ་བརྙན་རིས་ཀྱི་ལམ་ནས་བསྡུས་པ་དང་ཞི་ཅིན་ཕིང་ཐུག་འཕྲད་ལ་ཞུགས་པར་མ་ཟད་གསུང་བཤད་གལ་ཆེན་གནང་། 
        ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། གསེར་གྱོམ་རྒྱལ་ཁབ་ཀྱི་མགོ་ཁྲིད་པའི་ཐུག་འཕྲད་ཐེངས་བཅུ་གསུམ་པ་ཚེས་དགུ་ཉིན་གྱི་དགོང་མོར་བརྙན་རིས་ཀྱི་ལམ་ནས་བསྡུས། ཀྲུང་གོ་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་དང་ཨ་ཧྥེ་རི་ཁ་ལྷོ་མའི་ཙུང་ཐུང་ལ་མ་ཧྥུའུ་ས། པ་ཞིའི་ཙུང་ཐུང་པོ་སོ་ན་ལོ། ཨུ་རུ་སིའི་ཙུང་ཐུང་ཕུའུ་ཅིན་བཅས་ཐུག་འཕྲད་ལ་ཞུགས་པ་དང་། རྒྱ་གར་གྱི་ཙུང་ལི་མའོ་ཏེ་ཡིས་ཐུག་འཕྲད་ལ་མགོ་འཛིན་བྱས།
        ཞི་ཅིན་ཕིང་གིས་ཁ་ཡིག་ལ་ལག་རྡང་སྦྲེལ་ཏེ་གསེར་གྱོམ་རྒྱལ་ཁབ་བར་དུ་མཉམ་ལས་བྱེད་པ་དང་འགྲན་རྩོད་སྣ་ཚོགས་ལ་མཉམ་དུ་ཁ་གཏད་འཇལ་དགོས་ཞེས་པའི་གསུང་བཤད་གལ་ཆེན་གནང་།
        ཞི་ཅིན་ཕིང་གིས་བསྟན་དོན། དེང་སྐབས་པྲོག་གསར་གློ་ཚད་རིམས་ནད་ཀྱིས་སྔར་བཞིན་འཛམ་གླིང་ཡོངས་ལ་གནོད་པ་ཚབས་ཆེན་བཟོ་བཞིན་ཡོད་པ་དང་། འཛམ་གླིང་གི་དཔལ་འབྱོར་བསྐྱར་དར་ཐད་ལ་དཀའ་ཁག་ཆེན་པོ་བཟོས་ཤིང་རྒྱལ་སྤྱིའི་སྒྲིག་ལམ་རྙོག་འཛིང་དུ་འགྱུར་བཞིན་ཡོད།  འགྲན་རྩོད་ཀྱི་མདུན་དུ་གསེར་གྱོམ་རྒྱལ་ཁབ་ཀྱིས་ཁག་ཁུར་གྱི་ནུས་པ་བཏོན་ནས། འཛམ་གླིང་གི་ཞི་བདེ་དང་འཕེལ་རྒྱས་ཐད་ལ་བྱས་རྗེས་ངེས་ཅན་འཇོག་པ་དང་། མིའི་རིགས་ཀྱི་ལས་དབང་གཅིག་མཐུན་ཚོགས་པ་གསར་སྐྲུན་བྱེད་པར་སྐུལ་འདེད་གཏོང་དགོས། གཅིག ང་ཚོས་ཕྱོགས་མང་རིང་ལུགས་ངོ་མ་ལག་ལེན་བྱེད་པར་སྐུལ་འདེད་གཏོང་བ་དང་། མཉམ་འབྲེལ་རྒྱལ་ཚོགས་རྩ་ཁྲིམས་ཀྱི་དམིགས་འབེན་དང་རྩ་དོན་རྒྱུན་འཁྱོངས་བྱས་ཏེ། མཉམ་འབྲེལ་རྒྱལ་ཚོགས་སྲོག་ཤིང་ཡིན་པའི་རྒྱལ་སྤྱིའི་མ་ལག་དང་དེ་མིན་རྒྱལ་སྤྱིའི་བཅའ་ཁྲིམས་རྨང་གཞི་ཡིན་པའི་རྒྱལ་སྤྱིའི་སྒྲིག་ལམ་སྲུང་སྐྱོབ་བྱེད་དགོས། གཉིས། ང་ཚོས་འཛམ་གླིང་ཡོངས་མཐུན་སྒྲིལ་བྱས་ཏེ་རིམས་ནད་ལ་འགོག་རྒོལ་བྱེད་པར་སྐུལ་འདེད་གཏོང་བ་དང་། ལག་རྡང་སྦྲེལ་ཏེ་རིམས་ནད་ལ་ཁ་གཏད་འཇལ་དགོས་ལ། ཚན་རིག་གི་ཁུངས་གཏུག་ས་རྒྱུན་འཁྱོངས་བྱས་ཏེ།  མཉམ་འགོག་མཉམ་འཛིན་ལ་ཤུགས་སྣོན་པ་དང་། འགོག་སྨན་ནི་འཛམ་གླིང་ཡོངས་སུ་ཞིབ་བཟོ་དང་ཐོན་སྐྱེད། འདྲ་མཉམ་བགོ་བཤའ་རྒྱག་པའི་སྤྱི་ཐུན་ཐོན་རྫས་སུ་འགྱུར་བར་སྐུལ་འདེད་གཏོང་དགོས། གསུམ། ང་ཚོས་སྒོ་འབྱེད་གསར་སྐྲུན་འཕར་སྣོན་ལ་སྐུལ་འདེད་བཏང་སྟེ་འཛམ་གླིང་ཡོངས་ཀྱི་དཔལ་འབྱོར་བརྟན་བརླིང་སྒོས་བསྐྱར་དར་བྱེད་པར་རོགས་འདེགས་བྱེད་པ་དང་། འཛམ་གླིང་ཉོ་ཚོང་རྩ་འཛུགས་རྨང་གཞི་ཡིན་པའི་ཕྱོགས་མང་ཉོ་ཚོང་སྒྲིག་སྲོལ་སྲུང་སྐྱོབ་བྱས་ནས། ཚན་རྩལ་འཕེལ་རྒྱས་ཀྱི་ཆེས་གསར་གྲུབ་འབྲས་དེ་རྒྱལ་ཁབ་ཡོངས་ལ་ལོངས་སུ་སྤྱོད་དུ་འཇུག་པ་དང་། དཔལ་འབྱོར་འཛམ་གླིང་ཅན་དེ་སྔར་ལས་སྒོ་འབྱེད་དང་བཟོད་སྒོམ། ཀུན་ཕན། དོ་མཉམ། མཉམ་རྒྱལ་བཅས་ཀྱི་ཕྱོགས་ལ་འཕེལ་རྒྱས་སུ་འགྲོ་བར་སྐུལ་སྤེལ་བྱེད་དགོས། བཞི། ང་ཚོས་མཉམ་དུ་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་བཏང་སྟེ། མི་དམངས་ལྟེ་བ་ཡིན་པའི་འཕེལ་རྒྱས་དགོངས་པ་རྒྱུན་འཁྱོངས་བྱེད་པ་དང་། ཉིས་སྟོངབ་སུམ་ཅུ་ལོའི་རྒྱུན་མཐུད་འཕེལ་རྒྱས་ཀྱི་གྲོས་རིམ་ཁྱོན་ཡོངས་ནས་དངོས་འབེབས་བྱེད་དགོས།
        ཞི་ཅིན་ཕིང་གིས་བསྟན་དོན། དེང་སྐབས་ཀྱི་གནས་བབ་འོག ང་ཚོས་ཡིད་ཆེས་ཇེ་བརྟན་དུ་གཏོང་བ་དང་མཐུན་སྒྲིལ་ལ་ཤུགས་བསྣན་ནས། གསེར་གྱོམ་རྒྱལ་ཁབ་ཀྱི་དངོས་གཉེར་མཉམ་ལས་དེ་སྔར་ལས་སྤུས་ཚད་མཐོ་བའི་ཕྱོགས་སུ་མདུན་སྐྱོད་བྱེད་པར་སྐུལ་འདེད་གཏོང་དགོས། ཞི་ཅིན་ཕིང་གིས་གྲོས་མགོ་ལྔ་བཏོན། གཅིག དཀའ་ངལ་མཉམ་སེལ་རྒྱུན་འཁྱོངས་བྱས་ཏེ། སྤྱི་ཐུན་འཕྲོད་བསྟེན་མཉམ་ལས་ལ་ཤུགས་སྣོན་དགོས། གཉིས། འདྲ་མཉམ་ལག་ལེན་རྒྱུན་འཁྱོངས་བྱས་ཏེ། འགོག་སྨན་རྒྱལ་སྤྱིའི་མཉམ་ལས་ལ་ཤུགས་སྣོན་དགོས། གསུམ། གཉིས་ཕན་མཉམ་རྒྱལ་རྒྱུན་འཁྱོངས་བྱས་ཏེ། དཔལ་འབྱོར་མཉམ་ལས་ལ་ཤུགས་སྣོན་དགོས། བཞི། འདྲ་མཉམ་དྲག་གཞག་རྒྱུན་འཁྱོངས་བྱས་ཏེ། ཆབ་སྲིད་བདེ་འཇགས་མཉམ་ལས་ལ་ཤུགས་སྣོན་དགོས། ལྔ། ཕན་ཚུན་སློབ་སྦྱོང་དང་དཔྱད་གཞིར་འཛིན་པ་རྒྱུན་འཁྱོངས་བྱས་ཏེ། མི་གཞུང་བརྗེ་རེས་མཉམ་ལས་ལ་ཤུགས་སྣོན་དགོས་པ་བཅས་རེད།
        ཞི་ཅིན་ཕིང་གིས་བསྟན་དོན། སང་ལོར་ཀྲུང་གོས་གསེར་གྱོམ་རྒྱལ་ཁབ་ཀྱི་ཀྲུའུ་ཞིའི་རྒྱལ་ཁབ་ཀྱི་འགན་འཁུར་ཏེ། གསེར་གྱོམ་རྒྱལ་ཁབ་ཀྱི་མགོ་ཁྲིད་པའི་ཐུག་འཕྲད་ཐེངས་བཅུ་བཞི་བ་གཙོ་སྒྲུབ་བྱེད་པ་ཡིན། ཀྲུང་གོ་ཕྱོགས་ཀྱིས་གསེར་གྱོམ་རྒྱལ་ཁབ་དང་མཉམ་དུ་ཁྱབ་ཁོངས་སོ་སོའི་མཉམ་ལས་ཟབ་སྤེལ་བྱེད་པ་དང་། སྔར་ལས་དམ་ཞིང་དངོས་གཉེར་གྱི་གྲོགས་པོའི་འབྲེལ་བ་གསར་སྐྲུན་བྱེད་པར་མ་ཟད། འགྲན་རྩོད་སྣ་ཚོགས་ལ་མཉམ་དུ་ཁ་གཏད་འཇལ་ནས་མཛེས་པའི་མ་འོངས་པ་གསར་སྐྲུན་བྱེད་པར་རེ་སྒུག་བྱས་ཡོད་ཅེས་གསུང་།
        ཏའེ་ཞའོ་ཞང་དང་དབྱང་ཅེ་ཁྲི། ཝང་དབྱི། ཧི་ལིས་ཧྥིན་སོགས་ཐུག་འཕྲད་ལ་ཞུགས།  །


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1