༄༅།། དབུ་ཚད་ལས་བྱུང་བའི་“རིག་བྱེད་ཚད་མ་” ཞེས་པའི་འདོད་ཚུལ་ལ་དཔྱད་པ།

འབྲུག་ལྷ་མཁར། རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས། ཀྲུང་གོའི་བོད་རིག་པ། སྤེལ་དུས། 09-14



 འབྲུག་ལྷ་མཁར།
[ནང་དོན་གནད་བསྡུས།] དཔྱད་རྩོམ་འདིར་དབུ་ཚད་ཀྱི་བསྟན་བཅོས་ལས་བྱུང་བའི་“རིག་བྱེད་ཚད་མ་”ཞེས་པའི་ལྟ་བ་དེ་རྒྱ་གར་གྱི་ཕྱི་རོལ་གྲུབ་མཐའ་སྨྲ་བ་གང་གི་འདོད་ཚུལ་ཡིན་པ་དང་། “རིག་བྱེད་ཚད་མ་”ཞེས་པའི་རིག་བྱེད་དེ་གང་ལ་ངོས་འཛིན་དགོས་པ། དེ་ཚད་མར་སྒྲུབ་པའི་དགོངས་དོན་གང་ཡིན་པ། ཚད་མ་ཡིན་པའི་སྒྲུབ་བྱེད་ཇི་ལྟར་བཀོད་ཡོད་ཚུལ་ལ་སོགས་སློབ་དཔོན་ཆོས་གྲགས་ཀྱི་《ཚད་མ་རྣམ་འགྲེལ་》དང་སློབ་དཔོན་ལེགས་ལྡན་འབྱེད་ཀྱི་《དབུ་མ་རྟོག་གེ་འབར་བ་》གཉིས་གཙོ་བྱས་པའི་བོད་འགྱུར་ཡིག་ཆ་རྣམས་དང་། དེ་མིན་རྒྱ་གར་གྱི་མཚན་ཉིད་རིག་པའི་ཁྱབ་ཁོངས་ན་སྐད་གྲགས་ཆེ་བའི་ཕྱིའི་མཁས་པ་ཁག་ཅིག་གི་འཆད་སྲོལ་གཞིར་བཟུང་ནས་དཔྱད་བརྗོད་བྱས་ཡོད།
[གནད་ཚིག] རིག་བྱེད། ལུང་ཚད་མ། སྒྲ་རྟག་པ། ཡི་གེ་རྟག་པ།
[ཀྲུང་གོའི་དཔེ་དེབ་དབྱེ་རྟགས།] B946.6 [ཡིག་ཆའི་མཚོན་རྟགས།] A [རྩོམ་ཡིག་ཨང་རྟགས།] 1002-9060-2021-01-0046-11
          རྒྱ་གར་གྱི་རིག་གནས་སྤྱི་དང་བྱེ་བྲག་གང་ལ་འཇུག་པའི་ཚེ་ནའང་། ཐོག་མར་རིག་བྱེད་ལ་རྒྱུས་ཅུང་ཟད་ཡོད་རྒྱུ་ནི་ཤིན་ཏུ་གལ་ཆེ་སྟེ། གནའ་ནས་ད་ལྟའི་བར་དུ་རྒྱ་གར་བ་རྣམས་ཀྱི་བསམ་སྦྱོར་གང་ཡང་རིག་བྱེད་དང་མ་འབྲེལ་བ་ཕལ་ཆེར་མེད་ཅིང་། ཁོ་ཚོའི་ཆོས་ལུགས་ལྟ་བ་སྣ་ཚོགས་ཀྱང་དངོས་དང་བརྒྱུད་པའི་སྒོ་ནས་རིག་བྱེད་དང་འབྲེལ་ནས་བྱུང་བ་ཤ་སྟག་ཡིན། དེའི་ཕྱིར་རིག་བྱེད་ལ་ཅུང་རྒྱུས་མངའ་ཡོད་པའི་འཛམ་གླིང་ཤར་ནུབ་ཀྱི་མཁས་པ་ཀུན་གྱིས་རིག་བྱེད་ནི་རྒྱ་གར་གྱི་རིག་གནས་ཐམས་ཅད་ཀྱི་ཆུ་མགོ་ལྟ་བུ་ཡིན་ནོ་ཞེས་མགྲིན་གཅིག་ཏུ་བསྟོད་ཅིང་། ཐ་ན་མིའི་རིགས་ཀྱི་ཤེས་རབ་ཀྱི་ཉིང་ཁུའོ་ཞེས་བསྟོད་མཁན་ཀྱང་འདུག་གོ ། བོད་རང་ལ་མཚོན་ན་རིག་བྱེད་ཀྱི་བསྟན་བཅོས་རྐྱང་པ་བོད་སྐད་དུ་བསྒྱུར་པ་མེད་ཀྱང་། བཀའ་བསྟན་གྱི་ཁྲོད་ན་རིག་བྱེད་དང་འབྲེལ་བའི་ཡིག་ཆ་ཤིན་ཏུ་མང་བ་དེ་དག་ཀྱང་རྒྱ་གར་རང་ས་ནས་བོར་སྟོར་དང་འཐུས་ཤོར་བྱུང་བའི་རིག་བྱེད་བསྟན་བཅོས་རྣམས་ཀྱི་ལྟ་བ་གསལ་དུ་འདོན་པ་ལ་ཅི་ནས་ཀྱང་མེད་དུ་མི་རུང་བས། འདིར་《ཚད་མ་རྣམ་འགྲེལ་》གྱི་ལེའུ་དང་པོའི་རིག་བྱེད་རྟག་པ་འགོག་པའི་ཚན་པ་དེ་དང་《དབུ་མ་རྟོག་གེ་འབར་བ་》ནས་རིག་བྱེད་ཀྱི་ལུང་ཚད་མ་ཡིན་པ་འགོག་པའི་ཚན་པ་དེ་གཉིས་གཙོར་བཟུང་ཞིང་། དེ་ལ་ཕྱི་རྒྱལ་གྱི་མཁས་པའི་འཆད་སྲོལ་ཁག་ཅིག་གིས་ཟུར་བརྒྱན་ཏེ། “རིག་བྱེད་ཚད་མར་”འདོད་པའི་ཕྱི་རོལ་པའི་ལྟ་བ་དེ་དཔྱད་པར་བྱ་བ་ལ།
          དང་པོ། རིག་བྱེད་ཅེས་པའི་བརྡའི་འཇུག་ཡུལ་བཤད་པ། 
          རིག་བྱེད་ཀྱི་བརྡའི་འཇུག་ཡུལ་ལ་རྒྱ་གར་གྱི་རིག་པའི་གནས་སྤྱི་དང་། བྲམ་ཟེའི་རིག་གནས་དང་། སྙན་ངག་ཁོ་ན་ལ་འཇུག་པའི་སྐབས་གསུམ་ཡོད་པ་①ལས་འདིར་བྲམ་ཟེའི་དབང་དུ་བྱ་དགོས་པ་ཡིན། བོད་སྐད་དུ་གྱུར་པའི་རིག་བྱེད་ཅེས་པའི་ཐ་སྙད་འདིའི་ཡོང་ཁུངས་ནི་ངེས་བརྗོད་རིག་བྱེད་ལ་ལེགས་སྦྱར་སྐད་དུ་རྀགྭེད་(ṛgveda)ཟེར་ཞིང་། རྀགྭེད་སོ་སོར་ཕྲལ་ན་རྀག྄-བེད་(Ṛg-Veda)ཡིན་པས་འདི་གཉིས་ཅུང་ཟད་འགྱུར་ནས་ཡོང་བ་ཡིན་ནམ་སྙམ་སྟེ། སྔོན་བྱོན་ལོ་ཙཱ་བ་དག་གིས་ཏརྐ་ནི་རྟོག་གེ་དང་ཀལྤ་ནི་བསྐལ་བར་བསྒྱུར་པ་ལྟ་བུའི་སྒྲ་དོན་གཉིས་ཀྱི་ཆ་ནས་བོད་སྐད་དང་ཐག་ཉེ་བའི་སྒྱུར་ཐབས་ཤིག་ཡོད་པ་འདི་ལས་རྗེས་སུ་དཔག་ཐུབ་པ་ཡིན། འོ་ན་རིག་བྱེད་ལ་ངེས་བརྗོད་རིག་བྱེད་ཀྱི་སྒྲས་མཚན་དོན་ཅི་ཞེ་ན། ངེས་བརྗོད་རིག་བྱེད་ནི་རིག་བྱེད་གཞན་ཐམས་ཅད་ཀྱི་ཕྱི་མོ་ཡིན་པས་དེ་ལྟར་བཏགས་པ་ལ་རྒྱུ་མཚན་མེད་པ་ཞིག་ཀྱང་མིན་ཏེ་འོག་ཏུ་འཆད་པར་བྱའོ། །
          སྐབས་བབ་ཀྱི་བྲམ་ཟེའི་དབང་དུ་བྱས་པའི་རིག་བྱེད་འདིའི་འཇུག་ཚུལ་ལའང་བྱེ་བྲག་ཏུ་རིག་བྱེད་བསྡུས་པ་བཞི་དང་། རིག་བྱེད་ཆ་དང་བཅས་པ། རིག་བྱེད་དྲན་པའི་གཞུང་དང་བཅས་པ། རིག་བྱེད་ཡན་ལག་དང་བཅས་པ་སོགས་བཞི་ཡོད་པ་ལས། རིག་བྱེད་བསྡུས་པ་(Samhitā)བཞི་ནི། རྀགྦེད་(Ṛg-veda)སྟེ་ངེས་བརྗོད་རིག་བྱེད་དང་། ས་མཱ་བེ་ད་(Sāma- Veda)སྟེ་སྙན་ཚིག་རིག་བྱེད། ཡ་ཛུརྦེ་ད་(Yajur-Veda) སྟེ་མཆོད་སྦྱིན་རིག་བྱེད། ཨཐརྦ་བེ་ད་(Atharva-Veda) སྟེ་སྲིད་སྲུང་རིག་བྱེད་དང་བཅས་བཞིའོ། །རིག་བྱེད་ཆ་དང་བཅས་པ་ནི།② རིག་བྱེད་བསྡུས་པ་བཞི་ཆ་དང་པོ་དང་། བྲམ་ཟེའི་གཞུང་(Brahmanā) ཆ་ཤས་གཉིས་པ། ནགས་ལྡན་(Āraṇyska) ཆ་གསུམ་པ། ཉེར་གུས་སམ་འཁོར་ཉན་(Upaniṣad) ཆ་བཞི་པའོ། ། རིག་བྱེད་དྲན་པའི་གཞུང་དང་བཅས་པ་ནི་ཆ་ཤས་བཞིའི་སྟེང་དུ་དྲང་སྲོང་ཤེད་བུ་ལ་སོགས་པས་བྱས་པའི་ཁྱིམ་གྱི་མདོ་(Gṛhya sūtra)དང་ཆོས་ཀྱི་མདོ་(Dharma sūtra)གཉིས་བསྣན་པའོ། །རིག་བྱེད་ཡན་ལག་དང་བཅས་པ་ནི། རིག་བྱེད་དྲན་པའི་གཞུང་དང་བཅས་པའི་སྟེང་དུ་སིཀྵ་(Sikṣa)སྟེ་བཀླགས་ཐབས་དང་། ཚནྡ་(Chanda)སྟེ་སྡེབ་སྦྱོར། བྱྰཀརཎ་(Vyākaraṇa)སྟེ་བརྡ་སྤྲོད་པ། ནིརུཀྟ་(Nirukta)སྟེ་ངེས་ཚིག ཛྱོཏིཥ་(Jyotiṣa)སྟེ་སྐར་རྩིས། ཀལྤ་(Kalpa)སྟེ་ཆོ་ག་བཅས་རིག་བྱེད་ཡན་ལག་དྲུག་གོ །རིག་བྱེད་ཀྱི་བརྡའི་འཇུག་ཡུལ་ནི་གོང་དུ་སོང་ཟིན་པ་ལྟར་གཅིག་ཏུ་མ་ངེས་པ་དེ་བཞིན་དུ་“རིག་བྱེད་ཚད་མ་”ཡིན་པར་སྨྲ་བའི་སྐབས་ཀྱི་རིག་བྱེད་ཀྱང་གང་ལ་ངོས་འཛིན་དགོས་པར་ཁ་ཚོན་གཅོད་དཀའ་སྟེ། རྒྱལ་ཚབ་རྗེའི་《རྣམ་འགྲེལ་ཐར་ལམ་གསལ་བྱེད་》ཀྱི་ཚིག་འགྲོས་③ལ་བརྟགས་ན་རིག་བྱེད་བསྡུས་པ་བཞི་ཁོ་ན་ལ་གོ་དགོས་པར་སྙམ་པ་དང་།ཡང་《དབུ་མ་རྟོག་གེ་འབར་བའི་》ལུང་ཚིག་④ལ་གཞིགས་ན་རིག་བྱེད་ཡན་ལག་དང་བཅས་པར་གོའམ་སྙམ་པ་སོགས་བོད་ཀྱི་ཡིག་ཚང་རྣམས་སུ་ཆ་ཤས་ཙམ་རེ་སྣང་ཡང་གསལ་ཁ་བཏོན་མེད་པས་ཐག་གཅོད་དཀའ་ཡང་། འཇར་པན་གྱི་ཉེ་རབས་མཁས་པ་ཐ་ཀ་ཀུ་སུ་ཛུན་ཛི་རོོ་(高楠順次郎Takakusu Junjirō) དང་ཀི་མུ་ར་ཐེེ་ཀེན(木村泰賢KimuraTaiken ) གཉིས་ཀྱིས་མཛད་པའི་《རྒྱ་གར་གྱི་མཚན་ཉིད་ཆོས་ལུགས་རིག་པའི་ལོ་རྒྱུས་》ལས་རིག་བྱེད་ཆ་དང་བཅས་པར་གོ་དགོས་པ་གསལ་པོར་བསྟན་འདུག་ཅིང་དེ་དོན་ལ་ཡང་གནས་པར་སྙམ་སྟེ། རིག་བྱེད་དྲན་པའི་གཞུང་དང་བཅས་པ་དང་། རིག་བྱེད་ཡན་ལག་དང་བཅས་པར་གོ་ན་ཁྱིམ་གྱི་མདོ་དང་། བརྡ་སྤྲོད་དང་། སྐར་རྩིས་སོགས་བྱེད་པ་པོ་ངེས་པའི་བསྟན་བཅོས་སྐོར་ཅིག་དེའི་ནང་དུ་འདུས་པས་ཁྱབ་ཆེ་བ་དང་། རིག་བྱེད་བསྡུས་པ་བཞི་ཁོ་ན་ལ་གོ་ན་བྲམ་ཟེའི་གཞུང་དང་སོགས་ལུང་ཚད་མའི་ཡོང་ཁུངས་སྐོར་ཅིག་དེའི་ནང་དུ་མི་འདུས་པས་ཁྱབ་ཆུང་བར་འདོད་པའི་ཕྱིར་རོ། །
          “རིག་བྱེད་ཚད་མར་”འདོད་པའི་ལུགས་འདི་ཤེས་པ་ལ་རིག་བྱེད་ཆ་དང་བཅས་པའི་འབྲེལ་བ་ཤེས་དགོས་པ་ཤིན་ཏུ་གལ་ཆེ་སྟེ། དེ་ཡང་ཆ་དང་པོ་བསྡུས་པ་བཤད་པ་ལ།ངེས་བརྗོད་རིག་བྱེད་ནི་བྲམ་ཟེ་རྣམས་ཀྱི་མེས་པོ་ཨརྱཎ་པ་རྣམས་ཀྱིས་ཕྱུགས་འཚོ་བའི་སྐབས་སུ་ཐོལ་བྱུང་དུ་གྱེར་པའི་གླུ་རྣམས་ཕྱིས་སུ་ཕྱོགས་བཏུས་བྱས་པ་ཡིན་ལ། དེ་ཉིད་ལ་ལེའུ་བཅུ་ཡོད་ཅིང་ལེའུ་རེ་རེ་ཡང་དྲང་སྲོང་དང་ཁྱིམ་རྒྱུད་⑤གང་རུང་རེ་ལ་སྦྱར་ནས་གྲུབ་པ་ཞིག་གོ ། སྙན་ཚིག་རིག་བྱེད་ནི་སོ་མ་(Soma)ཞེས་པ་བཏུང་བ་ཟླ་བའི་རྒྱལ་པོའི་མཆོད་པ་འབུལ་སྐབས་ངག་ལ་གྱེར་བྱའི་སྙན་ཚིག་རྣམས་ཕྱོགས་བཏུས་བྱས་པ་ཞིག་དང་། གཞུང་ཚད་ལ་ལེའུ་གཉིས་ཡོད་ཅིང་དེ་ལས་ཤོ་ལོ་ཀ་75མ་གཏོགས་གཞན་རྣམས་ངེས་བརྗོད་རིག་བྱེད་ལས་བླངས་པ་ཁོ་ནའོ། །མཆོད་སྦྱིན་རིག་བྱེད་ལ་དཀར་ནག་གཉིས་ཡོད་ཅིང་། མཆོད་སྦྱིན་རིག་བྱེད་དཀར་པོའི་གཞུང་ཚད་ལ་ལེའུ་བཞི་བཅུ་དང་། ནག་པོའི་གཞུང་ཚད་ལ་ལེའུ་བདུན་ཡོད། འདི་ནི་ངེས་བརྗོད་རིག་བྱེད་དང་བསྡུར་ན་བརྗོད་བྱའི་ཆར་འགྱུར་བ་ཆེན་པོ་མེད་ཀྱང་། རྣམ་པའི་ཆ་ནས་ཚིགས་བཅད་ཁོ་ན་མ་ཡིན་པར་བཅད་ལྷུག་སྤེལ་མར་སྡེབ་པ་ཞིག་ཡིན་ནོ། ། སྲིད་སྲུང་རིག་བྱེད་ནི་དོན་གྱི་ཆ་ནས་མི་སྒེར་གྱི་སོ་ཚིས་དང་འབྲེལ་བའི་སྔགས་ཀྱི་རིགས་སྟོན་ཅིང་། རྣམ་པའི་ཆ་ནས་ཀྱང་བཅད་ལྷུག་སྤེལ་མར་ཡོད་པ་ཞིག་ཡིན། གཞུང་ཚད་ལ་ལེའུ་ཉི་ཤུ་ཡོད་ཅིང་དེའི་ནང་གི་བམ་པོ་བཅུ་གཉིས་པའི་བཅུ་ཆའི་དགུ་ཙམ་ངེས་བརྗོད་རིག་བྱེད་ལས་བྱུང་བ་ཡིན་ནོ། །
          རིག་བྱེད་ཀྱི་ཆ་ཤས་གཉིས་པ་བྲམ་ཟེའི་གཞུང་(Brahmanā)ནི་རིག་བྱེད་བཞི་ལས་མཆོད་སྦྱིན་གྱི་ཆོ་གའི་སྐོར་ཁོལ་ཏུ་ཕྱུངས་ནས་སྟོན་པའི་གཞུང་ཞིག་སྟེ། ཚངས་པའི་སྐད་དོད་ལ་པྲཧྨཎཱ་ཟེར་བ་འདིའང་ཚངས་པ་དང་བྲམ་ཟེ་གཉིས་ཀ་ལ་ཅིག་ཆར་འཇུག་ཅིང་། མཆོད་སྦྱིན་གྱི་བདག་པོ་བྲམ་ཟེ་རྣམས་ཡིན་པའང་ཞར་ལ་རྟོགས་ཐུབ། ཆ་གསུམ་པ་ནགས་ལྡན་(Āraṇyska) ནི་མཆོད་སྦྱིན་གྱི་བདག་པོར་གྱུར་པའི་བྲམ་ཟེ་རྣམས་ཡུལ་བུད་དེ་ནགས་སུ་སོང་ནས་ཏིང་འཛིན་བསྒོམ་པ་ལ། དེ་དག་གི་ཉམས་ལེན་གྱི་རིམ་པ་སྟོན་པའི་གཞུང་ཞིག་ཡིན་པ་དང་། ཆ་བཞི་པ་ཉེར་གུས་སམ་འཁོར་ཉན་(Upaniṣad)ནི་རིག་བྱེད་ཀྱི་གསང་ཚིག་རྣམས་ཉེ་བར་སྡོད་པའི་འཁོར་ལས་གཞན་ལ་མི་སྟོན་པའི་གཞུང་ཞིག་སྟེ། འདིའི་ནང་དུ་རིག་བྱེད་ཀྱི་མཚན་ཉིད་རིག་པའི་ཆ་གཙོ་བོར་སྟོན་པ་ཡིན་ཅིང་། རིག་བྱེད་ཆ་དང་བཅས་པ་ཡང་འདིའི་སྐབས་སུ་ཡོངས་སུ་གྲུབ་ཟིན་ལ། དེ་དག་རི་མོར་བཀོད་ན་འདི་ལྟ་སྟེ།

          རིག་བྱེད་ཀྱི་ཆ་ཤས་གཞན་གསུམ་ནི་རིག་བྱེད་བསྡུས་པ་བཞི་དང་འབྲེལ་ཞིང་། བསྡུས་པ་བཞི་ལས་གཞན་གསུམ་པོ་ཡང་དངོས་ཤུགས་གང་རུང་ནས་ངེས་བརྗོད་རིག་བྱེད་དང་མ་འབྲེལ་བ་མེད་ཅིང་། རིག་བྱེད་ཐམས་ཅད་ཀྱི་ཕྱི་མོ་ལྟ་བུ་ཡིན་པས་གོང་དུ་རིག་བྱེད་ཀྱི་སྤྱི་མིང་ལ་རྀགྭེད་སྟེ་ངེས་བརྗོད་རིག་བྱེད་ཀྱི་སྒྲས་མཚན་པ་ཡིན་ནམ་སྙམ་པ་དེ་ཡང་དོན་དེ་ལ་བསམ་པ་ཡིན་ནོ། །
          གཉིས་པ། རིག་བྱེད་ཚད་མ་ཞེས་པའི་གོ་བྱ་གཙོ་བོ་གང་ཡིན་བཤད་པ།
          “རིག་བྱེད་ཚད་མར་”འདོད་པའི་ཕྱི་རོལ་གྲུབ་མཐའ་སྨྲ་བ་ནི་དཔྱོད་པ་བ་(Mīmāṁsā)ཡིན་ལ། དེ་ནི་ཕྱི་རོལ་རྟོག་གེ་སྡེ་ལྔ་ལས་སྔ་ཤོས་སུ་གཏོགས་སོ། ། དཔྱོད་པ་བ་ཟེར་དོན་ནི་གྲུབ་མཐའ་སྨྲ་བ་འདིས་རིགས་པས་དཔྱོད་པ་གཙོ་བོར་བྱེད་ཅིང་། དཔྱོད་པའི་ཡུལ་ཡང་རིག་བྱེད་ཀྱི་བསྟན་བཅོས་རྣམས་ཡིན་ཏེ། རིག་བྱེད་ཆ་དང་བཅས་པ་དེ་དག་ལས་བྱུང་བའི་ལུང་ཚིག་རྣམས་འཚོ་བ་དངོས་ཀྱི་ལག་ལེན་དང་འགལ་ཟླར་ལངས་པའམ། ཡང་ན་གྲུབ་མཐའ་སྨྲ་བ་གཞན་གྱིས་སུན་དབྱུང་བའི་ཚེ་རིགས་པའི་སྒོ་ནས་འགལ་བ་བཟློག་ཐབས་དང་སྐྱོན་སེལ་ཐབས་ལ་བརྩོན་པས་དེ་ལྟར་དུ་བཏགས་པ་ཡིན། དེའི་མིང་གི་འབོད་ཚུལ་གཞན་ལ་སྟོན་པའི་མིང་གིས་དྲངས་ནས་རྒྱལ་བ་བ་དང་རྒྱལ་དཔོག་པ། གཞན་ཡང་སྤྱོད་པ་བ་སོགས་དུ་མ་ཡོད་ཅིང་། དེ་ནི་རིག་བྱེད་ཀྱི་ལ་རྒྱ་འཛིན་པའི་གྲུབ་མཐའ་སྨྲ་བ་ཞིག་ཡིན་ཕྱིར། བྲམ་ཟེ་མཆོག་དང་མཆོད་སྦྱིན་ལ་ཐར་ལམ་ཡོད་པ། རིག་བྱེད་ལུང་ཚད་མ་ཡིན་པར་འདོད་པ་གསུམ་ནི་དེའི་ལྟ་དགོངས་གཙོ་བོ་ཡིན་ཏེ།《ཚད་མ་རྣམ་འགྲེལ་》གྱི་ལེའུ་དང་པོའི་མཇུག་ཏུ་བླུན་པོ་ཤེས་རབ་འཆལ་བའི་རྟགས་ལྔ་བསྟན་པ་ལས། རིག་བྱེད་ཚད་མ་དང་རིགས་སྨྲས་དྲེགས་པ། སྡུག་པ་གཞོམ་ཕྱིར་གདུང་བ་རྩོམ་ཞེས་པ་ནི་སྤྱོད་པ་བའི་ལྟ་དགོངས་གཙོ་བོ་འདི་གསུམ་གཙོ་བོར་སྟོན་པ་ཡིན་ཏེ། “རིག་བྱེད་ཚད་མ་”ནི་རིག་བྱེད་ལས་གང་བྱུང་བ་ཐམས་ཅད་ཚད་མ་ཡིན་པར་འདོད་པ་དང་། རིགས་སྨྲས་དྲེགས་པ་ནི་བྲམ་ཟེ་མཆོག་ཡིན་པར་སྨྲ་བ་དང་། སྡུག་པ་གཞོམ་ཕྱིར་གདུང་བ་རྩོམ་པ་ནི་ཐར་བ་འཐོབ་པའི་ཆེད་དུ་མེར་མཆོངས་པ་སོགས་ལ་གོ་བ་ཡིན། དེ་གསུམ་ལས་“རིག་བྱེད་ཚད་མ་”ཡིན་པར་འདོད་པའི་བཞེད་ཚུལ་དེ་ཡང་བྲམ་ཟེ་མཆོག་དང་མཆོད་སྦྱིན་ལ་ཐར་བ་ཡོད་པའི་སྒྲུབ་བྱེད་དུ་སོང་བ་ཡིན་ནོ། །
          བྲམ་ཟེ་མཆོག་ཅེས་པ་ནི་གནའ་བོའི་རྒྱ་གར་ལ་བྲམ་ཟེའི་རིགས་དང་རྒྱལ་རིགས། དམངས་རིགས། གདོལ་བའི་རིགས་བཅས་རིགས་བཞིའི་དབྱེ་བ་བཀར་སྲོལ་ཡོད་པ་དེ་ལས་བྲམ་ཟེ་རྣམས་རིགས་ཀྱི་མཆོག་ཏུ་ལྟ་བ་དེ་ལ་གོ་ིང་། བྲམ་ཟེ་རྣམས་རིགས་གཞན་ལས་མཆོག་ཏུ་གྱུར་པའི་སྒྲུབ་བྱེད་ནི། “ཚངས་པའི་ཁ་ནས་བྲམ་ཟེ་རྣམས་སོ། །དཔུང་བ་ལས་ནི་རྒྱལ་རིགས་རྣམས་སོ། །བརླ་དག་ལས་ནི་རྗེའུ་སྐྱེད་དོ། །རྐང་བའི་མཐིལ་དག་ལས་ནི་དམངས་རིགས་རྣམས་སོ། །” ⑥ཞེས་པའི་ལུང་འདི་ཡིན་ལ། བྲམ་ཟེ་མཆོག་ཡིན་པའི་ལུང་ཚིག་འདི་ངེས་པ་ལ་བྲམ་ཟེ་དང་ཚངས་པའི་འབྲེལ་བ་ཤེས་དགོས་པ་ཡིན། བྲམ་ཟེ་ལ་ལེགས་སྦྱར་སྐད་དུ་པྲཧྨཎ་(Brahman)ཟེར་ཞིང་དེ་ནི་བྲམ་ཟེ་གཅིག་པུར་མ་ཟད་ལྷ་ཚངས་པ་ལའང་འཇུག་པས། བྲམ་ཟེའི་མིང་གཞན་ལ་ཚངས་པའི་བུ་ཟེར་བ་ཡང་དེ་དོན་ཡིན། མིང་འདི་ནི་རིགས་ཀྱི་མིང་ལྷ་ལ་ཐོགས་པ་ཡིན་ནམ། ཡང་ན་ལྷའི་མིང་རིགས་ལ་ཐོགས་པ་ཡིན་ཞེ་ན། ངེས་བརྗོད་རིག་བྱེད་ན་གསལ་བའི་ལྷ་ཉེར་གསུམ་པོའི་⑦ཁྲོད་ན་ཚངས་པ་མེད་པས་དེ་ནི་ཕྱིས་སུ་བྱུང་བའི་ལྷ་ཞིག་ཡིན་པར་འདོད་པ་དང་གཅིགཔྲཧྨཎ་ནི་གཙང་བ་དང་། ཁྲིམས་དང་ལྡན་པ་དང་། ཚངས་པར་གནས་པའི་དོན་ལ་འཇུག་ཅིང་། ཆོས་བྱེད་མཁན་བྲམ་ཟེ་རྣམས་ཀྱིས་རང་ཉིད་རིགས་གཞན་ལས་བཙུན་ཞིང་ཁྲིམས་དང་ལྡན་པར་རློམ་པ་དང་གཉིས་བཅས་ཚངས་པ་ནི་སྔར་བྲམ་ཟེའི་མིང་ཡིན་ལ། ཕྱིས་སུ་རང་གི་རིགས་ཀྱི་ཆེ་བ་བརྗོད་ཕྱིར་ལྷ་མཐུ་བོ་ཆེ་ཞིག་ལ་ཚངས་པའི་མིང་གིས་བཏགས་ཏེ་བྲམ་ཟེ་ནི་དེའི་ཁ་ནས་བྱུང་བ་དང་། གཞན་རྣམས་དཔུང་པ་དང་བརླ། རྐང་པ་བཅས་ནས་བྱུང་བའི་གཏམ་རྒྱུད་བསྒྲིགས་ཤིང་། འདི་ནི་རིག་བྱེད་ཀྱི་ཆ་གཉིས་པ་བྲམ་ཟེའི་གཞུང་གི་སྐབས་སུ་བྱུང་བར་སྙམ་མོ། །ད་ཡོད་ཀྱི་ཡིག་ཆ་གཞིར་བཟུང་ན། རིགས་བཞིའི་བྱུང་ཚུལ་གྱི་གཏམ་རྒྱུད་དེའི་ཁུངས་ནི་《ངེས་བརྗོད་རིག་བྱེད་》ལས།“སྐྱེས་བུའི་ཡན་ལག་སོ་སོ་རུ། །ཕྲལ་ན་ཅི་ཡིན་ངོ་མཚར་ཆེ། །ཁ་ནི་གང་ཡིན་དཔུང་བ་གང་། །བརླ་དག་གང་ཡིན་རྐང་བ་གང་། །སྐྱེས་བུའི་ཁ་ནས་བྲམ་ཟེ་དང་། །དཔུང་བ་ལས་ནི་རྒྱལ་རིགས་འཁྲུངས། །བརླ་དག་ནས་ནི་རྗེ་འུ་རིགས། ། རྐང་བ་གཉིས་ལས་དམངས་རིགས་སོ། །” ⑧ཞེས་པ་འདི་ཡིན་ལ།སྐྱེས་བུ་(Puruśa)ནི་ངེས་བརྗོད་རིག་བྱེད་ལས་བྱུང་ཞིང་གཟུགས་སྐུའི་ཡོན་ཏན་སྤྱན་སྟོང་ཕྱག་སྟོང་དང་ལྡན་པ།བྱེད་ལས་ཀྱི་ཡོན་ཏན་འཇིག་རྟེན་གྱི་བྱེད་པོ་ཡིན་པའི་ལྷ་ཞིག་སྟེ། རིགས་བཞི་པོ་ཡང་དེའི་ཁ་དང་དཔུང་པ། བརླ། རྐང་པ་བཅས་ལས་བྱུང་བའི་གཏམ་རྒྱུད་ཡོད་ཀྱང་། དེང་རབས་རིག་པ་སྨྲ་བ་རྣམས་ཀྱིས་དེ་ནི་བྲམ་ཟེ་རྣམས་ཀྱིས་རང་གི་རིགས་ཀྱི་ཁུངས་བཙུན་པར་བྱ་ཕྱིར་ཕྱིས་སུ་བར་དུ་བཅུག་པ་ཞིག་ཡིན་པར་འདོད་དོ། །
          མཆོད་སྦྱིན་ལ་ཐར་ལམ་ཡོད་པར་འདོད་པ་ནི། རྒྱ་གར་བའི་མཆོད་སྦྱིན་གྱི་བྱུང་བ་དེ་ཡང་ཡུལ་གཞན་གྱི་གདོད་མའི་དད་མོས་བྱེད་སྟངས་དང་འདྲ་བར། དང་པོ་རང་བྱུང་ཁམས་ཀྱི་འཇིགས་པ་བཟློག་ཕྱིར་ས་ཆུ་མེ་རླུང་རྣམས་ལ་ཆུ་ལྷ་དང་མེ་ལྷ། རླུང་ལྷ་སོགས་སུ་བློས་བཏགས་ནས་སྐྱབས་སུ་རེ་ཞིང་། དེ་དག་དགྱེས་ཕྱིར་མདུན་དུ་མེ་སྤར་ཅིང་དེའི་ནང་དུ་ཟན་དང་མར་ཁུ་སོགས་ཀྱི་གཏང་རག་ཕུལ་བ་དང་ཆབས་ཅིག སྭ་ཏེ་ཧེ་ཧེ་ཧེ་ཧོ་ཧོ་ཧོ། ཧཱ་ཧཱ་ཧཱ་ཨཱི་ཧི་ཨཱི་སོགས་བསྟོད་གླུ་གྱེར་བར་བྱེད་པ་ཞིག་ཡིན་ཡང་། རྗེས་སུ་བྲམ་ཟེ་རྣམས་ཀྱིས་དེའི་རྒྱུན་མ་བཏང་བར་རྒྱ་ཆེ་རུ་སྤེལ་བ་ལས་རང་བྱུང་གི་འཇིགས་པ་བཟློག་ཐབས་ཙམ་མ་ཡིན་པར། མཆོད་སྦྱིན་བྱས་ན་སྡུག་བསྔལ་ལས་གྲོལ་བ་དང་ཐར་པ་འཐོབ་ནུས་པར་བཤད་པ་ཞིག་གོ། མཆོད་སྦྱིན་གྱི་བྱེ་བྲག་ཀྱང་རིམ་གྱིས་འཕེལ་ཏེ་སེའུ་དྲ་མིན་གྱི་མཆོད་པ་ཞེས་སོ་མའི་ཁུ་བ་བཏུང་ཞིང་ལྷ་ལ་ཡང་འབུལ་བ། རྟ་གཙང་མའི་མཆོད་སྦྱིན་ཞེས་རྟ་རེ་རེ་ལ་ཁབ་ལྔ་བརྒྱ་ལྔ་བརྒྱ་བཙུགས་ཏེ་ཟུག་གཟེར་དང་ལྡན་པའི་སྒོ་ནས་སྦྱིན་སྲེག་བྱེད་པ། ར་ཛ་སུ་ཡ་བྱ་བ་དབང་སྐུར་ཐོབ་པ་ཞེས་པའི་མཆོད་སྦྱིན་ཞེས་རྒྱལ་པོ་ཁྲི་འདོན་གྱི་ཆོ་ག་སོགས་ཤིན་ཏུ་མང་ལ། དེ་དག་ལས་སྐྱུག་བྲོ་ཞིང་སྙིང་རྗེ་མེད་པའི་ཆོ་ག་ལའང་གསོ་བ་ཞེས་བྱ་བའི་མཆོད་སྦྱིན། མ་དང་བུ་སྲིང་སོགས་ལྷན་ཅིག་ཏུ་གཅེར་བུར་ཕྱུང་སྟེ། ཕྱུགས་བཞིན་རྐང་པ་བཞི་ས་ལ་བཙུགས་ནས་རྩྭ་ཟ་བ་ལྟར་དང་། མངལ་སྒོར་ལྕེས་ལྡག བཤང་སྒོར་སྣོམ། འཁྲིག་པ་ལྷག་པར་སྤྱད་ལ། བ་གླང་ལ་རྒན་གཞོན་དང་མ་སོགས་ཁྱད་པར་མེད་པ་ལྟར་བྱས་ནས་བ་གླང་གི་བརྟུལ་ཞུགས་བླངས་པ་དེས་ལོ་གཅིག་ལ་དེ་ལྟར་བྱེད་པ་ལྟ་བུ། དེ་མིན་བྱོལ་སོང་བཅིངས་པ་ཞེས་བྱ་བའི་མཆོད་སྦྱིན་ཏེ། རིག་བྱེད་ལས། “བར་གྱི་དུས་ལ་བབས་པ་ན། །བྱོལ་སོང་དྲུག་གམ་བདུན་སྦྱར་བྱ། །རྟ་ཡི་གསང་མའི་ཚིག་ཡིན་ནོ། །ཉུང་ན་བྱོལ་སོང་གསུམ་གྱིས་སོ། །རེ་རེ་ལའང་གྲོང་གི་མི། །བྱོལ་སོང་བཅུ་དྲུག་བཅུ་དྲུག་སྦྱིན། །ཆོ་ག་བཞིན་དུ་མཆོད་སྡོང་གཟུགས། །བར་དུ་བཅུ་དང་བདུན་སྦྱིན་བྱ། །སྐྱེས་བུའང་བྱོལ་སོང་དུ་བསམས་ནས། །བྲམ་ཟེ་ལ་ནི་བྲམ་ཟེ་བསད། །རྒྱལ་རིགས་ལ་ནི་རྒྱལ་རིགས་བསད། །མ་རུ་དག་ལ་རྗེའུ་རིགས་ཏེ། །དཀའ་ཐུབ་དག་ལ་དམངས་རིགས་སོ། །” ⑨ཞེས་བྱུང་ཞིང་། དེ་ཡང་བྱོལ་སོང་ཞེས་སྒོ་ཕྱུགས་རྟ་དང་བ་ལང་། ར་རྣམས་སྲེག་ཅིང་བསད་པ་དང་། ཡང་ན་དབུགས་བསུབས་ལ་བསད་པ་བྱ་སྟེ་སེམས་མེད་པར་བྱེད་པ་དང་། ཡང་ན་མེས་བསྐོར་བའི་དཀྱིལ་དུ་ཚ་བས་གདུང་ནས་གསོད་པར་བྱེད་ཅིང་། ཐ་ན་མི་ཡང་བྱོལ་སོང་དུ་བརྩིས་ནས་སྲེག་ཅིང་གསོད་པ་ཡིན་ལ། གསོད་ཚུལ་ཡང་སྐེ་ཅུང་ཟད་བྲེགས་ནས་ཁྲག་གི་རྒྱུན་ལྷ་རྟེན་གྱི་སྟེང་དུ་འབབ་པར་བྱས་ནས་སླར་ཡང་ཅུང་ཟད་བྲེགས་ཏེ་ཆོ་ག་མང་པོ་དབྱངས་སུ་གྱེར་ནས་གསོད་པ་ཡིན་ཟེར་ཞིང་། དེ་ཡང་བུད་མེད་བསད་པ་ལ་བསོད་ནམས་ལྷག་པར་ཆེ་ཞིང་དེ་ལས་ཀྱང་སྦྲུམ་མ་དང་། སྐྱེས་པ་དང་། དུས་བཏབ་སྟེ་འགྲོ་བ་དང་། བུད་མེད་དང་ཁྱོ་ག་འཕྲད་དུ་འགྲོ་བ་སོགས་གདུང་བ་ཆེ་བས་བསོད་ནམས་ཚད་མེད་པར་བཤད། དེ་ལྟར་བསད་པས་གསོད་མཁན་དང་གསད་བྱ་གཉིས་ཀ་ལ་བསོད་ནམས་རྒྱ་ཆེན་ཐོབ་པ་ཁོང་རྣམས་ཀྱི་ལུང་ན་གསལ་བ་ཡིན། 《རྒྱལ་པོ་རཱ་མ་ཎའི་གཏམ་རྒྱུད་》དུ་སྲིན་པོའི་རྒྱལ་པོ་ལིངྐ་མགྲིན་བཅུས་ལྷ་ཆེན་དབང་ཕྱུག་ལས་འཆི་བ་མེད་པའི་དངོས་གྲུབ་འཐོབ་ཕྱིར་རང་གི་མགོ་རེ་རེ་བཞིན་མེར་ཕུལ་བ་དང་། ཤིང་བཟོ་ཀུན་དགའ་དང་ལྷ་བཟོ་ཀུན་དགའི་གཏམ་རྒྱུད། རྒྱལ་པོ་ཤི་ན་བཙུན་མོ་མེར་ལྕེབས་པ་སོགས་ནི་མཆོད་སྦྱིན་ཐར་བའི་ལམ་དུ་ཁས་ལེན་པའི་ལྟ་བ་དེ་རྩོམ་རིག་ལས་མངོན་པའི་རྟོག་བཏགས་ཙམ་མ་ཡིན་པར་དངོས་ཡོད་འཚོ་བའི་ཁྲོད་དུའང་ད་དུང་ཡོད་པ་དཔེར་ན། རྒྱ་གར་དང་བལ་ཡུལ་སོགས་ས་ཆ་བྱེ་བྲག་པ་ན་བ་གླང་གི་ཁྱུ་ཚོགས་མང་པོ་མཉམ་དུ་བསད་དེ་མཆོད་སྦྱིན་བྱེད་པའི་ཚུལ་མང་པོ་མཐོང་དུ་ཡོད་ལ། དུས་རབས་སྔོན་མའི་ནང་དུ་དགེ་འདུན་ཆོས་འཕེལ་རྒྱ་གར་ལ་སླེབས་པའི་དུས་སྐབས་དེར་ཡང་ད་དུང་སྐྱེས་བུ་མཆོད་པར་འབུལ་བའི་སྲོལ་ཡོད་པ་གསུངས་ཡོད་དེ། དེ་ལ་《གཏམ་རྒྱུད་གསེར་ཐང་》ལས། “ན་ནིང་ཙ་ན་ཀལིངྐའི་ཕྱོགས་ཤིག་ཏུ་བུ་མོ་ལོ་བཅུ་གཉིས་པ་ཞིག་ཀྱང་རྐུ་ཐབས་ཀྱིས་བཟུང་ནས་བྲམ་ཟེ་རྒད་པོ་ཞིག་གིས་ཁྲིད་དེ་དབང་ཕྱུག་གི་ལྷ་ཁང་དུ་སྐེ་བྲེགས་ཏེ་མཆོད་པ་བྱས་སོ་” ⑩ཞེས་ད་ལྟའི་ཆར་ཡང་ད་དུང་དེ་ལྟའི་མཆོད་སྦྱིན་བྱེད་སྲོལ་ཡོད་པ་ཤེས་ནུས་སོ། ། 
          སྤྱི་ལོ་སྔོན་གྱི་ལོ་དྲུག་བརྒྱའི་སྔ་གཞུག་ཏུ། རྒྱ་གར་གྱི་སྲིད་འབྱོར་རིག་གསུམ་སྔར་ལས་ཇེ་རྒྱས་སུ་ཕྱིན་ཏེ་བྱང་ཕྱོགས་ཀྱི་ཆ་རྣམས་ཡུལ་གྱི་ལྗོངས་ཆེན་པོ་བཅུ་དྲུག་ཏུ་གྱེས་ནས་རྒྱལ་ཁབ་ཀྱི་རྣམ་པར་ཆགས་པ་དང་། དཔལ་འབྱོར་གཉེར་སྟངས་དང་རིག་གནས་དོན་དུ་གཉེར་བ་ལའང་རིགས་ཀྱི་དབྱེ་བ་ཆེན་པོ་མེད་པར་གྱུར་པས། སྔོན་ཆད་དམག་དོན་གཙོ་བོར་དོན་དུ་གཉེར་མཁན་རྣམས་རྒྱལ་རིགས་དང་། ཚོང་ལས་གཙོ་བོར་དོན་དུ་གཉེར་མཁན་རྣམས་དམངས་རིགས། ཐ་ན་ལག་ཤེས་བཟོ་ལས་གཙོ་བོར་དོན་དུ་གཉེར་བའི་གདོལ་བའི་རིགས་ཀྱང་སློབ་གཉེར་ལ་ཞུགས་ཐུབ་པར་གྱུར་པས། སྔ་མོ་ནས་བྲམ་ཟེ་མཆོག་ཡིན་པའི་རིགས་ཀྱི་དགར་སྟངས་ལ་དོགས་པ་ཡོད་མཁན་ཇེ་མང་དུ་ཕྱིན་པ་དང་གཅིག ལྷག་པར་དུ་སྐབས་དེར་བྲམ་ཟེ་རྣམས་ཀྱི་མཆོད་སྦྱིན་བག་མེད་དུ་གྱུར་ཏེ་དཔལ་འབྱོར་དང་རིགས་གཞན་གྱི་ཚེ་སྲོག་ལ་གནོད་པ་དང་བསྟུན་མཆོད་སྦྱིན་ལ་ཁ་གཏད་གཅོག་མཁན་ཇེ་མང་དུ་སོང་ཞིང་། སྐབས་དེར་དེ་ལ་མི་འཐད་པའི་རྣམ་འགྱུར་བསྟན་པའི་ཚུལ་ཡིག་ཚང་ལས་བྱུང་བ་ནི། 《གྲུབ་མཐའ་ཀུན་བཟང་ཞིང་གི་ཉི་མ་》ལས། “དུས་གསུམ་ལྡན་གྱི་དུས་ན། ཆོ་ག་སྣ་ཚོགས་བཟང་ཞེས་པའི་མཆོད་སྦྱིན་ལ་དྲང་སྲོང་རྣམས་རྩོད་ཅིང་། མཆོད་སྦྱིན་ཅན་གྱི་བུ་ཨ་ཤྭ་ཐའི་འབྲས་བུ་ཟ་བ་ལ་སོགས་པས་བྱོལ་སོང་གི་མཆོད་སྦྱིན་བྱེད་ཟེར། སྐྲ་གཡེང་ལ་སོགས་པས་མི་བྱེད་ཟེར། དྲང་སྲོང་ཨེ་ལྔ་ལ་དཔང་བོ་བཅོལ། དེས་མི་རུང་སྨྲས་པས། ཤ་ཟ་འདོད་རྣམས་ཀྱིས་དེ་བསད་དེ་ཤ་ཟོས།གཞན་ཡང་དཔང་བོ་རྒྱལ་བོ་བ་སུ་ལ་དྲིས། སྐྲག་ནས་རུང་ཞེས་སྨྲས་པ་ཡིན་” ⑪ཞེས་བྱུང་བས། དུས་དེ་ཙམ་ནས་བྲམ་ཟེ་དག་གི་བག་མེད་ཀྱི་སྤྱོད་པ་ལ་མི་འཐད་པའི་རྣམ་འགྱུར་སྟོན་མཁན་བྱུང་བ་ཤེས་ཐུབ་ལ། སྐབས་དེ་ཙམ་ནས་དེ་དག་གི་རྒོལ་བ་བཟློག་པ་དང་རིག་བྱེད་ཀྱི་ལ་རྒྱ་སྲུང་ཕྱིར་དཔྱོད་པ་བ་རྣམས་ཀྱང་བྱུང་བ་ཡིན་ནོ། ། ཁོ་ཚོས་རིག་བྱེད་ལས་བྱུང་བའི་ལུང་སྟེ། བྲམ་ཟེ་མཆོག་དང་མཆོད་སྦྱིན་ལ་ཐར་བ་ཡོད་པ་དེ་བསྒྲུབ་བྱའི་གཙོ་བོ་ཡིན་པ་དང་། དེའི་ཞོར་དུ་རིག་བྱེད་ན་ཆོས་དོན་ཐར་འདོད་སོགས་ཅི་འདོད་པ་ཐམས་ཅད་ཡོད་ཟེར་ཞིང་། དེ་དག་ནི་ལུང་ཚད་མ་ཡིན་ཕྱིར་རྗེས་དཔག་མི་འཇུག་སྟེ། “སྙིང་དང་ཤེས་པ་ཅན་གྱི་ཆོས། །ཡན་ལག་དང་བཅས་རིག་གསོ་བ། །གནང་བའི་གྲུབ་པ་བཞི་བོ་འདི། །གཏན་ཚིགས་དག་གིས་གཞིག་མི་བྱ། ། ལོང་བ་རྐང་བའི་ཚོད་དཔགས་ཀྱིས། །ཉམ་ངའི་ལམ་དུ་རྒྱུགས་པ་ལྟར། །རྗེས་སུ་དཔག་གཙོར་འཛིན་རྣམས། ། ལྟུང་བར་དཀའ་བ་མ་ཡིན་ནོ། །” ⑫ཞེས་རིག་བྱེད་ནི་ཚད་མ་ཡིན་ཡང་གཏན་ཚིགས་ཏེ་རྗེས་དཔག་འཇུག་མི་རུང་སྟེ། དེ་ལྟར་བྱེད་པ་ནི་ལོང་བ་རྣམས་རྐང་པའི་ཚོད་དཔག་བྱས་ཏེ་ལམ་ལ་འགྲོ་བ་དང་འདྲའོ་ཞེས་ཟེར་ཏོ། །སློབ་དཔོན་ཕྱོགས་གླང་ཡབ་སྲས་ཀྱིས་ལུང་ཚད་མ་ནི་རྗེས་སུ་དཔག་པར་བསྡུས་ནས་མངོན་རྗེས་ཚད་མ་གཉིས་འདུ་བར་བཤད་ལ། དཔྱོད་པ་བས་ནི་མངོན་སུམ། (pratyakṣa) རྗེས་དཔག(anumāna) སྒྲ་བྱུང་།(śabda) དཔེ་ཉེར་འཇལ།(upamāna) དོན་གྱིས་གོ་བ།(arthāpatti) དངོས་པོ་མེད་པ་(abhāva)བཅས་ཚད་མ་དྲུག་གི་དབྱེ་བ་ཕྱེ་ཞིང་། དེ་ལས་སྒྲ་བྱུང་ཚད་མ་ནི་རིག་བྱེད་ཀྱི་སྐབས་སུ་བཤད་པའི་ལུང་ཚད་མ་(āptavacana)ཡིན་ཞིང་།དེ་ནི་རྟགས་ལ་མ་ལྟོས་པས་རྗེས་དཔག་ལས་ལོགས་སུ་གྱུར་པ་སྟེ། དཔེར་ན་རིག་བྱེད་ལས་བྱུང་བའི་ཐར་བ་དང་མཐོ་རིས་དང་། འཆི་བ་མེད་པར་གྱུར་ཏོ། ། སྐྱེ་བ་མེད་པའི་ཡེ་ཤེས་སུ་གྱུར་ཏོ་ལྟ་བུ་རིག་བྱེད་ལས་བྱུང་བའི་ཚིག་རྣམས་འཇོག་ལ། འཇིག་རྟེན་གྱི་ཆོས་གང་ཡང་ཡོད་སྲིད་ན་རིག་བྱེད་ཀྱི་ལུང་ལས་བཤད་དགོས་པ་དང་། རིག་བྱེད་ཀྱི་ལུང་ལས་བཤད་པ་མ་མཐོང་ན་མེད་པས་ཁྱབ་པར་ཡང་འདོད་དེ། མདོར་ན། ཤེས་བྱ་ཐམས་ཅད་ཀྱི་ཁུངས་རིག་བྱེད་ལ་ཐུག་ཅིང་། དེ་ཉིད་དོན་ལ་མི་བསླུ་བར་འདོད་པ་ནི་“རིག་བྱེད་ཚད་མ་”ཞེས་པའི་དོན་ནོ། །
          གསུམ་པ། རིག་བྱེད་ཚད་མ་ཡིན་པའི་སྒྲུབ་བྱེད་བཤད་པ།
          གཅིག དོན་ལ་མི་བསླུ་བ།
          དུས་ཡུན་ཤིན་ཏུ་རིང་པོ་ཞིག་ལ་དཔྱོད་པ་བ་རྣམས་ཀྱིས་རིགས་ཀྱི་ཆེ་བ་སྲུང་བ་དང་། མཆོད་སྦྱིན་ལ་ཐར་ལམ་ཡོད་པའི་ལྟ་བ་དེ་བསྲུང་ཕྱིར་རེ་ཞིག་རིག་བྱེད་ཀྱི་ལུང་དོན་རྣམས་ལ་གཏན་ཚིགས་མི་འཇུག་པའི་ཨུ་ཚུགས་མཐར་སྐྱེལ་བྱས་ཀྱང་། སྐབས་དེར་རྒྱ་གར་ལ་རྟོག་གེའི་རིག་པ་ཆེས་ཆེར་དར་བས་གྲུབ་མཐའ་གང་ཞིག་གཞི་ལེགས་པར་ཚུགས་པ་ལ་རང་གི་མོས་པ་ཙམ་དང་། རྗེས་འཇུག་མང་བ་ཙམ་གྱིས་མི་ཆོག་པར་གཞན་གྱི་དོགས་འདྲི་ལ་གཏན་ཚིགས་ཀྱི་སྒོ་ནས་ལན་ཐེབས་པ་ཞིག་མཁོ་བས། དཔྱོད་པ་བ་རྣམས་ཀྱིས་ཐོག་མར་རིག་བྱེད་ལས་བྱུང་ཞིང་བདེན་དོན་དང་མི་འགལ་བའི་ཚིག་ཁ་ཤས་རིག་བྱེད་ཚད་མ་ཡིན་པའི་སྒྲུབ་བྱེད་དུ་བཀོད་ཡོད་དེ། དཔེར་ན་《ཚད་མ་རྣམ་འགྲེལ་》ལས། “གང་ཕྱིར་རིག་བྱེད་ཕྱོགས་གཅིག་ཕྱིར། །གཞན་ཡང་དེ་འདྲ་ཡིན་ཏེ་དཔེར། །མེས་གྲང་བཟློག་དག་བདེན་པ་བཞིན། ། དེ་སྐད་གཞན་དག་ཟེར་རོ་ལོ། །” ⑬ཞེས་མེ་ནི་གྲང་བ་ཟློག་བྱེད་ཡིན་པ་དང་། ཟླ་བ་བཅུ་གཉིས་ལོ་ཡིན་ཞེས་པའི་རིག་བྱེད་ལས་བྱུང་བའི་ཚིག་ཁ་ཤས་དྲངས་ནས། འདི་དག་བདེན་པའི་དོན་ཅན་དུ་གནས་པ་བཞིན་དུ་མཐོ་རིས་འདོད་མཁན་རྣམས་ཀྱིས་མེ་ལ་སྦྱིན་སྲེག་བྱའོ་ཞེས་སོགས་རིག་བྱེད་ལས་བྱུང་བའི་ལུང་ལྐོག་ཏུ་གྱུར་པ་རྣམས་ཀྱང་དེ་བཞིན་དུ་རྒྱུ་མཚན་དང་ལྡན་ནོ་ཞེས་གཏན་ཚིགས་ཉི་ཚེ་བ་འདྲེན་པའི་ལས་ལ་ཞུགས་ཀྱང་། དེས་ཀྱང་བསྒྲུབ་བྱའི་གཙོ་བོ་བྲམ་ཟེ་མཆོག་དང་མཆོད་སྦྱིན་ལ་ཐར་བ་ཡོད་པའི་ཚུལ་སྒྲུབ་མ་ནུས་པས། ཕྱིས་སུ་རིག་བྱེད་རང་བྱུང་ཡིན་པའི་ཚུལ་《བྲམ་ཟེའི་མདོ་》ན་བཤད་སྲོལ་ཡོད་པས་དེ་ཉིད་གཙོར་བཟུང་སྟེ། དེའི་སྒྲུབ་བྱེད་ལ་“བྱེད་པོ་མི་དྲན་པར་འདོད་ཕྱིར། །རིག་བྱེད་སྐྱེས་བུས་མ་བྱས་ལ། །བརྒྱུད་ནས་འོངས་པ་མ་ཆད་ཕྱིར། ། དེས་ན་ལུང་ཡིན་དེ་མེད་ན། །” ⑭ཞེས་རིག་བྱེད་ལུང་ཚད་མ་ཡིན་པའི་སྒྲུབ་བྱེད་ལ་དེ་ཉིད་ཀྱི་བྱེད་པ་པོ་མི་དྲན་ཏེ། ད་ལྟའི་རིག་བྱེད་ཀྱི་ཚིག་རྣམས་ནི་གཅིག་ནས་གཅིག་ལ་བརྒྱུད་དེ་མ་ཆད་པར་འོངས་པར་བཤད་པ་ཡིན། གོང་དུ་ཞུས་ཟིན་པ་ལྟར་རིག་བྱེད་ནི་བྲམ་ཟེ་རྣམས་ཀྱི་མེས་པོ་ཨརྱཎ་པ་ནས་བརྒྱུད་པའི་བསྟོད་ཚིག་རྣམས་སྙན་བརྒྱུད་ཀྱི་ཚུལ་དུ་འོང་ཞིང་། དེའི་བྱེད་པོར་གྲགས་པའི་སྔར་གྱི་དྲང་སྲོང་སྣ་ཚོགས་བཤེས་དང་མིའུ་ཐུང་ལྷ་སོགས་ཀྱིས་སྔར་མེས་པོ་ནས་བརྒྱུད་པའི་རིག་བྱེད་ཀྱི་གསང་ཚིག་རྣམས་ཕྱོགས་བསྡུས་བྱས་པ་ཞིག་དང་། གཞན་ཡང་རིག་བྱེད་ཀྱི་མེས་པོར་གྲགས་པའི་ཐུབ་པ་མ་ནུ་དང་ཛ་ག་ཉ་བ་ཀ་ལ་དང་། འབྱ་ས་དང་། ཨཤྠ་ལ་སོགས་ཀྱིས་ཀྱང་ཐོག་མ་མེད་པ་ནས་གཅིག་ལ་གཅིག་བརྒྱུད་ཀྱི་ཚུལ་དུ་འོངས་པར་འདོད་དོ། ། དེ་དག་ནི་རིག་བྱེད་འདོན་པ་པོ་ཡིན་ཚུལ་ཡང་ཚད་མའི་གཞུང་རྣམས་སུ། རིག་བྱེད་འདོན་པ་པོ་ཙམ་ཡིན་ཏེ། ད་ལྟར་རིག་བྱེད་འདོན་པ་པོ་ཆོས་ཅན། འདོན་པ་པོ་གཞན་སྔོན་དུ་སོང་སྟེ། འདོན་པ་པོ་ཡིན་པའི་ཕྱིར། ཞེས་རྟགས་སྦྱོར་འགོད་ཅིང་། བརྒྱུད་པ་སྔ་མ་སྔ་མ་ཡར་དེད་ན་ཐུག་མེད་དུ་འགྱུར་པས་བྱེད་པ་པོ་མེད་པར་འདོད་པ་ཡིན། གཞན་ཡང་དཔྱོད་པ་བ་རྣམས་ཀྱིས་སྐྱེས་བུས་བྱས་པ་ཡིན་ན་སྐྱོན་གྱིས་བསླད་པར་འདོད་ནས་སྐྱེས་བུས་མ་བྱས་པར་འདོད་པ་ཡིན་ཏེ། 《ཚད་མ་རྣམ་འགྲེལ་》ལས། “ཚིག་རྣམས་ལོག་པ་ཉིད་ཀྱི་རྒྱུ། །ཉེས་རྣམས་སྐྱེས་བུ་ལ་བརྟེན་ཕྱིར། ། སྐྱེས་བུས་མ་བྱས་བདེན་དོན་ཅན། །ཞེས་ནི་ལ་ལ་རྗོད་པར་བྱེད། །” ⑮ཅེས་འཇིག་རྟེན་གྱི་ཚིག་ལོག་པ་དང་། དོན་ལོག་པ་རྣམས་ཀྱི་རྒྱུ་ནི་སྐྱེས་བུ་དག་གི་མ་ཤེས་པ་ལས་བྱུང་བའམ། ཤེས་ཀྱང་གཞན་ཕན་གྱི་ལྷག་བསམ་མེད་པའི་དབང་གིས་མི་མཐུན་པར་བསྟན་པར་འདོད་ཅིང་། ཚིག་ཡང་དག་པ་རྣམས་ནི་སྐྱེས་བུས་མ་བྱས་པ་རིག་བྱེད་ཁོ་ན་ཡིན་ཞེས་རིག་བྱེད་ལས་བྱུང་བའི་ལུང་ཚིག་རྣམས་ནི་དོན་ལ་མི་བསླུ་བ་གང་ཞིག་ཚད་མ་ཡིན་པར་འདོད་དོ། །
          གཉིས། རིག་བྱེད་ཀྱི་སྒྲ་རྟག་པ།
          རྒྱ་གར་དུ་རྟོག་གེའི་རིག་པ་ཇེ་ཆེར་དར་བ་དང་བསྟུན་ནས་རིག་བྱེད་ཀྱི་མདོ་ལས་བྱུང་བའི་ཚིག་ཉི་བ་ཚེ་བ་ཙམ་དང་། བྱེད་པ་པོ་མི་དྲན་པའི་རྟགས་ཀྱིས་ཀྱང་“རིག་བྱེད་ཚད་མ་”ཡིན་པར་བསྒྲུབ་མ་ནུས་ཤིང་། རིག་བྱེད་ཀྱི་ལུང་ཚིག་རྣམས་སྐྱེས་བུས་མ་བྱས་པའི་དབང་དུ་བྱས་ཀྱང་རིག་བྱེད་ནི་ངག་ནས་ངག་བརྒྱུད་དེ་འོངས་པ་ཞིག་དང་། རིག་བྱེད་ཀྱི་གསང་ཚིག་རྣམས་ཀྱང་སྐྱེས་བུའི་ངག་ལ་བརྟེན་ནས་དགྲོལ་དགོས་པ་ཁོ་ཚོས་ཀྱང་ཁས་ལེན་ཕྱིར་ངག་ལས་ལོགས་སུ་གྱུར་པའི་རིག་བྱེད་ཡན་གར་བ་བཞག་ཏུ་མེད་པས། རིག་བྱེད་འདོན་པ་པོའི་ངག་གི་སྒྲ་དེ་ཡང་རྟག་པར་ཁས་ལེན་དགོས་བྱུང་བ་ཡིན། དཔྱོད་པ་བ་རྣམས་ཀྱིས་སྒྲ་རྟག་པ་ཡིན་པའི་བཤད་སྲོལ་ཞིག་ལ་“སྒྲ་ནམ་མཁའི་རང་བཞིན་”ཞེས་ཟེར་ཞིང་། ནམ་མཁའ་མི་ཉམས་པ་དེ་བཞིན་དུ་སྒྲ་ཡང་ཉམས་མི་སྲིད་ལ། ནམ་མཁས་གར་ཁྱབ་དེ་ལ་སྒྲ་ཡིས་ཀྱང་ཁྱབ་པར་འདོད་དོ། ། ཡིན་ནའང་སྒྲ་བརྗོད་མ་ཐག་ཏུ་ཉམས་པར་འགྱུར་བ་དང་སྒྲ་མི་ཐོས་པའི་སྐབས་མཆིས་པ་མངོན་སུམ་དུ་གྲུབ་པས་སྒྲ་མི་ཉམས་པ་དང་།གང་ལའང་ཁྱབ་པའི་ཚུལ་དེ་ཇི་ལྟར་འགྲེལ་ཞེ་ན། ཁོ་ཚོའི་ལུགས་ལ་སྒྲ་ནི་དབྱངས་ཀྱིས་གསལ་བར་བྱེད་ཅེས་བྱ་ཞིང་། སྒྲ་བརྗོད་མ་ཐག་ཏུ་ཉམས་པར་འགྱུར་བ་དེ་ནི་སྐྱེས་བུའི་བྱེད་རྩོལ་ཏེ། གནས་དང་བྱེད་པ་དང་། འབད་པ་ལས་ཡང་དག་པར་འབྱུང་བའི་དབྱངས་ཀྱིས་སྒྲ་གསལ་བར་བྱེད་པ་ལས་ལན་རེར་འབྱུང་ཞིང་ལན་རེར་ཉམས་པར་འགྱུར་བ་ལ་བལྟས་ནས་བཤད་པ་ལས་སྒྲ་རང་ཉིད་མ་བྱས་པ་ཡིན་པར་འདོད་དེ། 《དབུ་མ་རྟོག་གེ་འབར་བ་》ལས། “སྒྲ་རྟག་དབྱངས་ཀྱིས་གསལ་བར་བྱེད། །དོན་དང་འབྲེལ་བ་རྟག་པ་ཉིད། །དོན་ལ་རྟོགས་པ་དང་ལྡན་ལ། ། རྟོགས་པ་རབ་ཏུ་སྐྱེ་བར་འགྱུར། །” ⑯ཞེས་སྒྲ་ཉམས་པར་འགྱུར་བ་ནི་དབྱངས་ལ་རག་ལས་པ་དང་། དེ་མིན་རིག་བྱེད་འཆད་པ་པོའི་ཁའི་དྲུང་ནས་མ་གཏོགས་གཞན་དུ་སྒྲ་དེ་ཉིད་མི་ཐོས་པ་ནི་ཉན་པ་པོའི་རྣ་བའི་དབང་པོ་ལེགས་པར་མ་བྱས་པའི་སྐྱོན་ཡིན་པ་ལས་སྒྲའི་སྐྱོན་མིན་པར་བཤད་དོ། །
          གཞན་ཡང་སྒྲ་རྟག་པ་ཙམ་དུ་མ་ཟད། སྒྲ་དོན་གྱི་འབྲེལ་བ་ཡང་རྟག་པ་ཡིན་པར་འདོད་དེ། ལྐོག་ཤལ་དང་རྔ་མ་དང་ནོག་དང་རྨིག་པ་དང་། རྭ་དང་ལྡན་པའི་རིལ་བོ་ལ་ལན་གཅིག་བ་གླང་ཞེས་བརྗོད་པ་ན་ཡིད་ཆེས་སྐྱེས་པར་འགྱུར་ཞིང་བརྗོད་པ་གཉིས་པ་ལ་ལྟོས་མི་དགོས་པའི་ཕྱིར་དང་། དེ་དང་འདྲ་བར་རིག་བྱེད་ལ་སོགས་པ་ཡང་དང་ཡང་དུ་གོམས་པར་བྱས་ཤིང་འདྲིས་པར་བྱས་པ་ལས་བརྗེད་པ་མེད་པ་འབྱོར་བས་དོན་དང་བཅས་པར་རྟག་ཏུ་སེམས་ལ་གནས་པའི་ཕྱིར་དང་། སྔོན་མིང་དང་འབྲེལ་བར་ཡོངས་སུ་ཤེས་པ་དེ་ཡང་ཕྱིས་ཕྲད་ཅིང་མཐོང་བར་གྱུར་པ་ན། ལྷ་སྦྱིན་དེ་ཉིད་འདི་ཡིན་ནོ་ཞེས་ཤེས་པ་འབྱུང་བའི་ཕྱིར་དང་། དེ་མིན་རྟག་ཏུ་རྣ་བའི་དབང་པོས་གཟུང་བར་བྱ་བ་ཡིན་གྱི་དབང་པོ་གཞན་གྱིས་གཟུང་བ་བྱ་བ་མ་ཡིན་པའི་ཕྱིར་སྒྲ་ནི་རྟག་པར་འདོད་དོ། །དེ་ཡང་ཇི་སྐད་དུ། 《དབུ་མ་རྟོག་གེ་འབར་བ་》ལས། “ལན་ཅིག་འཇུག་ཕྱིར་གོམས་པའི་ཕྱིར། །ཕྱིས་ཀྱང་ཤེས་ཕྱིར་དེ་བཞིན་དུ། །མཉན་བྱ་ཡིན་ཕྱིར་སྒྲ་ཉིད་བཞིན། །སྒྲ་ནི་རྟག་པར་ཤེས་པར་བྱ། །” ⑰ཞེས་ལུང་དང་རིགས་པ་གཉིས་ཀྱིས་སྒྲུབ་པར་བྱེད་དོ། །
          རིག་བྱེད་ཀྱི་སྒྲ་རྟག་པ་ཞེས་པ་དེ་མཐར་གཏུགས་ན་དེ་འགྲུབ་བྱེད་ཀྱི་ཡི་གེ་ཡང་རྟག་པ་ཡིན་པར་ཁས་ལེན་དགོས་པས། དཔྱོད་པ་བས་ཡི་གེ་ཡང་རྟག་པ་ཡིན་པར་འདོད་དེ། མིང་ཚིག་ཡི་གེ་གསུམ་དུ་ཕྱེས་པའི་ཡི་གེ་ཡང་རྟག་པ་ཁོ་ན་སྟེ་ཡི་གེའི་སྐད་དོད་ལ་ཨཀྵར་ཞེས་མི་འགྱུར་བར་བཤད་པ་ཡང་སྒྲ་རིག་པ་ཙམ་མ་ཡིན་པར་དེའི་ཐོག་མའི་འབྱུང་ཁུངས་ནི་དཔྱོད་པ་བས་འདོད་པའི་སྒྲ་རྟག་པ་ལ་རག་ལས་པ་ཡིན། ད་ལྟ་ཨཀྵར་ནི་ཡི་གེའི་གདངས་གཞན་དུ་མི་འགྱུར་བའི་དོན་ལ་གོ་ཡང་ཐོག་མར་དེ་ནི་ཡི་གེའི་ངོ་བོ་མི་འགྱུར་བར་འདོད་པ་ཡིན་ཏེ། དཔྱོད་པ་བ་རྣམས་ཀྱིས་རིག་བྱེད་ཀྱི་སྒྲ་འགྲུབ་བྱེད་ཡི་གེ་དེའང་ངོ་བོ་མི་འགྱུར་བ་རྟག་པ། སྨྲ་དཀའ། བཀླག་དཀའ། ནུས་པའི་ཁྱད་པར་མ་རེངས་དུག་ཞི་བར་འདོད་པ་ཡིན། འོ་ན་དེ་ལྟའི་ཡི་གེ་རྟག་པ་དེས་དོན་ཇི་ལྟར་མངོན་ཞེ་ན། ཡི་གེ་གོ་རིམ་ཁྱད་པར་ཅན་ལས་བྱུང་བའི་སྔགས་ལྟ་བུ་སྟེ། དེ་ལས་དོན་དང་ནུས་པ་ཁྱད་པར་ཅན་འབྱུང་བ་ནི། 《ཚད་མ་རྣམ་འགྲེལ་》ལས། “གལ་ཏེ་གོ་རིམ་མེད་ན་ནི། །རོ་དང་མཚོ་ཞེས་ཐོས་པ་ལས། །འབྲས་ཐ་དད་མེད་འགྱུར་ཞེ་ན། །” ⑱ཞེས་ཡི་གེ་གོ་རིམ་ཁྱད་པར་ཅན་ནི་སྒྲ་ཡིན་པ་དང་། དེ་ལྟའི་སྔགས་དེ་ཡང་བརྡ་ལ་མ་བརྟེན་པར་མི་འབྱུང་བར་བཟླ་བ་ལ་སོགས་ལ་བརྟེན་དགོས་པ་ཅི་ཟེར་བ་ལ། ཡི་གེའི་གོ་རིམ་ཁྱད་པར་ཅན་ནི་རྟག་པའི་དོན་ཡིན་ཡང་བྲམ་ཟེ་དང་ཆོ་ག་ལ་ལྟོས་དགོས་པ་ནི་འབྲས་བུ་ལ་ཉེ་རིང་ཡོད་པ་ཙམ་ལས་ཡི་གེ་སྐྱེས་བུའི་བརྡ་ལ་རག་ལས་པ་མ་ཡིན་ནོ་ཞེས་ཟེར་ཏེ། ཐ་ན་ཡི་གེའི་གོ་རིམ་མ་འདྲ་བས་ཀྱང་དོན་མ་འདྲ་བ་སྟོན་པ། དཔེར་ན། ར་སཿཞེས་ཐོས་པ་ལས་རོ་དང་སརཿཞེས་ཐོས་པ་ལས་མཚོ་གོ་བའི་འབྲས་བུ་ཐ་དད་པ་འབྱུང་བ་འདི་ཡང་ཡི་གེ་རྟག་པ་ཡིན་པའི་སྒྲུབ་བྱེད་དུ་འདྲེན་པར་བྱེད་དོ། །དེ་ལྟར་ཕྱི་རོལ་གྲུབ་མཐའ་སྨྲ་བ་དཔྱོད་པ་བས་ནི་རིག་བྱེད་ཚད་མ་ཡིན་པའི་རྟགས་ལ། སྐྱེས་བུས་མ་བྱས་པ། བྱེད་པ་པོ་མི་དྲན་པ་འཇོག་པ་དང་། བྱེད་པོ་མེད་པའི་སྒྲུབ་བྱེད་ལ་སྒྲ་རྟག་པ། སྒྲ་རྟག་པའི་སྒྲུབ་བྱེད་ལ་ཡི་གེའི་རྟག་པ་སོགས་སྒྲུབ་བྱེད་མང་པོ་རིམ་གྱིས་དྲངས་ནས་གྲུབ་མཐའི་གཞི་ལེགས་པར་འཛུགས་པ་ལ་བརྩོན་ནོ། །
          མཇུག་བསྡུ་བ།
          རྒྱ་གར་ནི་སྔ་མོ་ནས་མི་རིགས་སྣ་མང་། སྐད་རིགས་སྣ་ཚོགས། ཆོས་ལུགས་ལྟ་བ་མི་འདྲ་བ་མང་པོ་མཉམ་དུ་གནས་པ་བཅས་པའི་ཤེས་རིག་གི་རྒྱལ་ཁབ་ཅིག་ཡིན་ལ། དེ་དག་མཉམ་དུ་གནས་ཤིང་འདྲིས་པའི་ཚེ་ན་ཕན་ཚུན་བར་རྩོད་པ་འབྱུང་བ་ནི་བཟློག་ཐབས་མེད་པ་ཞིག་གོ ། དེ་བཞིན་དུ་རྩོད་པ་ལས་བྱུང་བའི་གྲུབ་མཐའ་དག་ལས་དཔྱོད་པ་བ་ནི་བྱུང་སྔ་ཞིང་ཚེ་སྲོག་གི་རྒྱུན་ཆེས་རིང་བའི་གྲུབ་མཐའ་ཞིག་སྟེ། དང་པོ་བྲམ་ཟེའི་གོ་གནས་དང་མཆོད་སྦྱིན་གྱི་ཕན་ནུས། རིག་བྱེད་ལུང་ཡིན་ཚུལ་བསྒྲུབས་པར་མ་ཟད། དེའི་བྱེ་བྲག་ལ་ཙ་ར་ཀ་ལྟ་བུ་སྨན་དཔྱད་ཀྱི་གཞུང་དང་། པཱ་ནིཎི་ལྟ་བུའི་སྒྲའི་གཞུང་རྩོམ་མཁན་ལྟ་བུ་སོགས་མང་པོ་ཞིག་བྱུང་སྟེ་རྒྱ་གར་གྱི་རིག་པའི་གནས་རྣམས་ཕུན་སུམ་ཇེ་ཚོགས་སུ་བཏང་བར་མ་ཟད། དུས་ཕྱིས་ནང་པ་སངས་རྒྱས་པ་ཕྱོགས་སྔར་འཛིན་པའི་གྲུབ་མཐའ་གཙོ་བོ་ཞིག་ཀྱང་ཡིན་ཏེ།དཔེར་ན་དེའི་གཞུང་དུ། “འདི་ལ་འགའ་ཡང་ཀུན་མཁྱེན་མེད། །གང་ཕྱིར་འདི་ནི་མ་མཐོང་ཕྱིར། །ཐམས་ཅད་མཁྱེན་པ་སངས་རྒྱས་ལ། །བཏགས་ན་འཇིག་རྟེན་གུས་ཕྱིར་ཡིན། །” ⑲ཞེས་པ་ལྟ་བུ། ནང་པ་སངས་རྒྱས་པས་སངས་རྒྱས་ཐམས་ཅད་མཁྱེན་པ་ཡིན་ཟེར་བ་ལ། དེས་རང་ཉིད་ཀུན་མཁྱེན་མ་ཡིན་པར་སངས་རྒྱས་ཀུན་མཁྱེན་ཡིན་པ་ཇི་ལྟར་བསྒྲུབ་ལྟ་བུ་རིགས་པའི་ལམ་ནས་ལྟ་བ་སྟོན་པ་ཞིག་ཡིན་ནོ། །འདི་ལྟ་བུའི་རྩོད་པའི་ཁྲོད་ནས་རྒྱ་གར་དུ་རྟོག་གེའི་རིག་པ་བྱུང་སྔ་ཞིང་ད་ལྟའི་དུས་སུའང་གསོན་ཤུགས་མ་ཉམས་པར་ཡོད་པ་ཡིན་ནོ། ། རིག་བྱེད་ཚད་མར་སྒྲུབ་པའི་ཚུལ་འདི་ནི་རྒྱ་གར་གྱི་ལྟ་བ་སྣ་མང་དུ་གྱེས་ཤིང་རྩོད་པའི་འགོ་ཚུགས་པ་ཡིན་པས། དེ་ལ་རྒྱ་གར་གྱི་གཏན་ཚིགས་ཀྱི་ཁུངས་དང་ཕྱི་མོ་ཞེས་སྨྲས་ཀྱང་འགལ་བ་མེད་པར་སྙམ་མོ། །
          མཆན་འགྲེལ།
①འབྲོག་རུ་ཆོས་དར་གྱི་དཔྱད་རྩོམ་《ཆུ་རྒྱུན་ཤེས་རིག་གི་ཁྱད་ཆོས་དང་འབྲེལ་བའི་སྒོ་ནས་རིག་བྱེད་ཀྱི་བརྡ་དོན་ཟུར་ཙམ་གླེང་བ་》ལས། “སྒྲ་ཡངས་འཇུག་གི་དབང་དུ་བྱས་པའི་རིག་བྱེད་ནི། ཐུན་མོང་གི་རིག་གནས་ཐམས་ཅད་ལ་གོ་དགོས་པ་དང་། སྒྲ་དོག་འཇུག་གི་དབང་དུ་བྱས་པའི་རིག་བྱེད་ནི་བྲམ་ཟེས་བདག་གིས་བྱས་པའི་རིག་བྱེད་བཞི་ཡན་ལག་དང་བཅས་པ་ལ་འཇུག་པ་དང་། སྒྲ་ཤིན་ཏུ་དོག་འཇུག་གི་དབང་དུ་བྱས་པའི་རིག་བྱེད་ནི་སྙན་ངག་ཁོ་ན་ལ་འཇུག་པར་”བཤད་ཡོད་དོ། །
②རིག་བྱེད་ཆ་དང་བཅས་པ་ཞེས་པའི་འབོད་སྲོལ་འདི་ནི་སྔར་གྱི་བསྟན་བཅོས་རྣམས་ལས་མ་མཐོང་ཡང་། རྒྱ་ཡེ་བཀྲ་བྷོ་ཡིས་བརྩམས་པའི་《དཔྱོད་ལྡན་ཡིད་ཀྱི་དགའ་སྟོན་》དུ་འཁོད་དེ་ཐོག་མར་མཐོང་བ་ཡིན་ལ། འདིར་ཡང་གོ་བདེ་བའི་ཆེད་དུ་རིག་བྱེད་བསྡུས་པ་དང་བྲམ་ཟེའི་གཞུང་། ནགས་ལྡན། ཉེར་གུས་བཅས་བཞི་ལ་རིག་བྱེད་ཆ་དང་བཅས་པའི་མིང་དེ་བཀོལ་སྤྱོད་བྱས་པ་ཡིན་ནོ། །
③《རྣམ་འགྲེལ་ཐར་ལམ་གསལ་བྱེད་》ལས། “ནག་མོ་འབངས་ལ་སོགས་པའི་སྐྱེས་བུས་སྤེལ་ཞིང་བརྩམས་པར་མཐུན་སྣང་དུ་གྲུབ་པ་ཡི་གཞུང་གཞོན་ནུ་བྱུང་བ་ཅན་ལ་སོགས་པ་གཞན་དེ་ཡང་ཆོས་ཅན། རྒྱུ་མཚན་གང་གིས་ན། རིག་བྱེད་བཞི་བོ་དེ་ལྟར་ཐོག་མ་མེད་པ་དང་སྐྱེས་བུས་མ་བྱས་པར་རྗེས་སུ་མི་དཔོག་སྟེ་དཔོག་རིགས་པར་ཐལ། སློབ་དཔོན་སྔ་མའི་མན་ངག་ཡོད་པ་ལས་གཞན་དུ་ད་ལྟ་གཞན་དག་གིས་འདོན་པ་གང་མཐོང་སྟེ་མ་མཐོང་བའི་ཕྱིར།” ཞེས་བྱུང་ངོ་། །
④《དབུ་མ་རྟོག་གེ་འབར་བ་》ལས། “སྙིང་དང་ཤེས་པ་ཅན་གྱི་ཆོས། །ཡན་ལག་དང་བཅས་རིག་གསོ་བ། །གནང་བའི་གྲུབ་པ་བཞི་བོ་ནི། །གཏན་ཚིགས་དག་གིས་གཞིག་མི་བྱ། །”ཞེས་བྱུང་ངོ་། །
⑤དེ་ཡང་། བམ་པོ་གཉིས་པ་ནས་བདུན་པའི་བར་རིམ་བཞིན་དྲང་སྲོང་གྲྀཏྶམད་(gṛtsamada)དང་། བིཤཱམིཏྲ། (viśvāmitra) བཱམདེབ།(vāmadeva)ཨཏྲི། (atri) བྷརདཱཛ། (bharadvāja) བསིཥྛ་(vasiṣṭha)དང་བཅས་སྦྱར་ཡོད་པ་དང་། བརྒྱད་པ་ནི་ཀཎྭ་(kaṇva) དང་ཨཎྒིརས྄་(aṇgiras)ཞེས་པའི་ཁྱིམ་རྒྱུད་གཉིས་དང་། བམ་པོ་དང་པོ་ཡང་ཀཎྭ་(kaṇva)གཙོས་པའི་ཁྱིམ་རྒྱུད་འགའ་ཞིག་གིས་བྲིས་པར་བཤད་ཡོད། གཞན་ཡང་བམ་པོ་དགུ་པ་ནི་སོ་མ་སྟེ་བཏུང་བ་ཟླ་བའི་རྒྱལ་པོར་བསྟོད་པའི་ཚིག་བཏུས་པ་དང་། བཅུ་པ་ནི་མི་དང་དེའི་ལེགས་བྱས་ལས་ལ་བསྟོད་པའི་ཚིག་བཏུས་པ་ཁོ་ན་ཡིན་པས་དྲང་སྲོང་དང་སྦྱར་པ་མེད་ཀྱང་། 《འདུལ་བ་གཞི་》(བཀའ་འགྱུར་འདུལ་བ་ཁ)ན་བྲམ་ཟེའི་དྲང་སྲོང་རྙིང་པ་གསང་ཚིག་དག་བྱེད་དག་ཅེས་བརྒྱད་པ་དང་། གཡོན་ཕྱོགས་དང་། གཡོན་ཕྱོགས་ལྷ་དང་། སྣ་ཚོགས་བཤེས་དང་། མེ་འབར་དང་། ཉི་མའི་རིགས་དང་། བྷ་ར་དྭ་ཛ་དང་། གནས་འཇོག་དང་། འདྲོ་བ་སྐྱོང་གི་བུ་དང་། ངན་སྤོང་སྟེ་ཞེས་དྲང་སྲོང་བཅུའི་མིང་གསལ་བ་ལ་བལྟས་ན་བཅུ་དང་སྦྱར་སྲོལ་ཡང་ཡོད་པར་སྣང་ལ། དེ་དག་ལས་བིཤཱམིཏྲ་ནི་སྣ་ཚོགས་བཤེས་དང་། བཱམདེབ་ནི་གཡོན་ཕྱོགས་ལྷ། བསིཥྛ་ནི་གནས་འཇོག ཀཎྭ་ནི་ཉི་མའི་རིགས་བཅས་དང་ངོ་འཕྲོད་དོ། །
⑥ཀུན་མཁྱེན་འཇམ་དབྱངས་བཞད་པ། 《གྲུབ་མཐའ་ཀུན་བཟང་ཞིང་གི་ཉི་མ་ལུང་རིགས་རྒྱ་མཚོ་སྐྱེ་དགུ་རེ་སྐོང》[M]] ལྷ་ས། སེར་གཙུག་ནང་བསྟན་དཔེ་རྙིང་འཚོལ་བསྡུ་ཕྱོགས་སྒྲིག་ཁང་། ཤོག་ངོས་90
⑦ཐུབ་བསྟན་མཆོག་སྒྲུབ་ཀྱིས་མཛད་པའི་《འཕགས་པའི་ཡུལ་གྱི་བྱུང་བ་བརྗོད་པ་ལེགས་བཤད་ཟླ་འོད་གསར་བ་》ལས། “ལྷ་དང་ལྷ་མོ་སུམ་བཅུ་སོ་གསུམ་ནི་ནམ་མཁའི་ལྷ་དང་། བར་སྣང་གི་ལྷ། ས་གཞིའི་ལྷ་གསུམ་དུ་འདུས། དཔེར་ན། དགུང་སྔོན་དང་། ཆུ་ལྷ་དང་། ཉི་མ་དང་། ཁྱབ་འཇུག་དང་། ཐུན་མཚམས་ཀྱི་ལྷ་སོགས་ནི་ནམ་མཁའི་ལྷ་དང་། དབང་བོ་དང་། དྲག་པོ་དང་། རླུང་ལྷ་ནི་བར་སྣང་གི་ལྷ་དང་། ས་གཞི་དང་། མེ་ལྷ་དང་། ཟླ་བ་དང་། ཕུར་བུ་དང་། གཙང་བོའི་ལྷ་སོགས་ནི་ས་གཞིའི་ལྷའི་ཁོངས་སུ་འདུ་བར་བཤད། ཉི་མ་ནི་རིགས་དང་པོ་དེའི་གཙོ་བོ་དང་། རླུང་ལྷ་ནི་རིགས་གཉིས་པ་དེའི་གཙོ་བོ་དང་། མེ་ལྷ་ནི་ལྷ་རིགས་གསུམ་པ་དེའི་གཙོ་བོ་ཡིན་ནོ། །”ཞེས་བྱུང་ངོ་། །
⑧“原人之身,若彼肢解,试着考虑,共有几分?何是彼口?何是彼臂?何是彼腿?何是彼足?原人之口,是婆罗门;彼之双臂,是刹帝利;彼之双腿,产生吠舍;彼之双足,出首陀罗。”巫白慧著: 《吠陀经和奥义书》[M],北京:中国社会科学出版社,2014年, 第117页。
⑨སློབ་དཔོན་ལེགས་ལྡན་འབྱེད། བསྟན་འགྱུར་དཔེ་བསྡུར་མའི་དེབ་ང་བརྒྱད་པ། 《དབུ་མ་སྙིང་བོའི་འགྲེལ་བ་རྟོག་གེ་འབར་བ》[M] པེ་ཅིན། ཀྲུང་གོའི་བོད་ཀྱི་ཤེས་རིག་དཔེ་སྐྲུན་ཁང་། 1994ལོ། ཤོག་ངོས་661-662
⑩དགེ་འདུན་ཆོས་འཕེལ། 《མཁས་དབང་དགེ་འདུན་ཆོས་འཕེལ་གྱི་གསུང་རྩོམ་ཕྱོགས་བསྒྲིགས》 (པོད་གཉིས་པ) [M] ལན་ཀྲོའུ། ནུབ་བྱང་མི་རིགས་སློབ་གྲྭ་ཆེན་མོའི་བོད་རིག་པའི་སློབ་གླིང་གིས་དཔར། 2003ལོ། ཤོག་ངོས་139
⑪ཀུན་མཁྱེན་འཇམ་དབྱངས་བཞད་པ། 《གྲུབ་མཐའ་ཀུན་བཟང་ཞིང་གི་ཉི་མ》[M] ལྷ་ས། སེར་གཙུག་ནང་བསྟན་དཔེ་རྙིང་འཚོལ་བསྡུ་ཕྱོགས་སྒྲིག་ཁང་། ཤོག་ངོས་53
⑫སློབ་དཔོན་ལེགས་ལྡན་འབྱེད། བསྟན་འགྱུར་དཔེ་བསྡུར་མའི་དེབ་ང་བརྒྱད་པ། 《དབུ་མ་སྙིང་བོའི་འགྲེལ་བ་རྟོག་གེ་འབར་བ》[M] པེ་ཅིན། ཀྲུང་གོའི་བོད་ཀྱི་ཤེས་རིག་དཔེ་སྐྲུན་ཁང་། 1994ལོ། ཤོག་ངོས་674
⑬སློབ་དཔོན་ཆོས་གྲགས། བསྟན་འགྱུར་དཔེ་བསྡུར་མའི་དེབ་གོ་བདུན་པ། 《ཚད་མ་རྣམ་འགྲེལ་གྱི་ཚིག་ལེའུར་བྱས་པ》[M] པེ་ཅིན། ཀྲུང་གོའི་བོད་ཀྱི་ཤེས་རིག་དཔེ་སྐྲུན་ཁང་། 1994ལོ། ཤོག་ངོས་499
⑭སློབ་དཔོན་ལེགས་ལྡན་འབྱེད། བསྟན་འགྱུར་དཔེ་བསྡུར་མའི་དེབ་ང་བརྒྱད་པ། 《དབུ་མ་སྙིང་བོའི་འགྲེལ་བ་རྟོག་གེ་འབར་བ》[M] པེ་ཅིན། ཀྲུང་གོའི་བོད་ཀྱི་ཤེས་རིག་དཔེ་སྐྲུན་ཁང་། 1994ལོ། ཤོག་ངོས་669
⑮སློབ་དཔོན་ཆོས་གྲགས། བསྟན་འགྱུར་དཔེ་བསྡུར་མའི་དེབ་གོ་བདུན་པ། 《ཚད་མ་རྣམ་འགྲེལ་གྱི་ཚིག་ལེའུར་བྱས་པ》[M] པེ་ཅིན། ཀྲུང་གོའི་བོད་ཀྱི་ཤེས་རིག་དཔེ་སྐྲུན་ཁང་། 1994ལོ། ཤོག་ངོས་489
⑯⑰སློབ་དཔོན་ལེགས་ལྡན་འབྱེད། བསྟན་འགྱུར་དཔེ་བསྡུར་མའི་དེབ་ང་བརྒྱད་པ། 《དབུ་མ་སྙིང་བོའི་འགྲེལ་བ་རྟོག་གེ་འབར་བ》[M] པེ་ཅིན། ཀྲུང་གོའི་བོད་ཀྱི་ཤེས་རིག་དཔེ་སྐྲུན་ཁང་། 1994ལོ། ཤོག་ངོས་669; 
⑱སློབ་དཔོན་ཆོས་གྲགས། བསྟན་འགྱུར་དཔེ་བསྡུར་མའི་དེབ་གོ་བདུན་པ། 《ཚད་མ་རྣམ་འགྲེལ་གྱི་ཚིག་ལེའུར་བྱས་པ》[M] པེ་ཅིན། ཀྲུང་གོའི་བོད་ཀྱི་ཤེས་རིག་དཔེ་སྐྲུན་ཁང་། 1994ལོ། ཤོག་ངོས་496
⑲སློབ་དཔོན་ལེགས་ལྡན་འབྱེད། བསྟན་འགྱུར་དཔེ་བསྡུར་མའི་དེབ་ང་བརྒྱད་པ། 《དབུ་མ་སྙིང་བོའི་འགྲེལ་བ་རྟོག་གེ་འབར་བ》[M] པེ་ཅིན། ཀྲུང་གོའི་བོད་ཀྱི་ཤེས་རིག་དཔེ་སྐྲུན་ཁང་། 1994ལོ། ཤོག་ངོས་75

རྩོམ་ཡིག་སྔོན་མ།
《求是》杂志发表习近平总书记重要文章
རྩོམ་ཡིག་རྗེས་མ།
2021ལོའི་དེབ་3པ།

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1