ཤར་ཕྱོགས། ཤར་ཕྱོགས།

ཅོར་འཇམ། ( ཀླུ་ཆུ་རྫོང ) རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 09-14



སྤྱི་ལེ་ཁྲི་ཕྲག་གཅིག་ལྷག་གི་ཉི་མ་ལ་ཁ་ཕྱོགས་

པའི་གཏམ་རྒྱུད་དེ།

ཉིན་ཞག་སྟོང་ཕྲག་གཅིག་གི་རྫོགས་རྒྱུ་མེད་པའི་

སྒྲུང་རིང་དུ་གྱུར། 

ས་མ་རུབ་པའི་ཕྱི་རོལ་ཏུ།

སྤྲིན་འཁྲུག སྨུག་འཐིབས། རླུང་གཡུག

ནམ་མ་ལངས་པའི་སྔ་རོལ་ཏུ།

འབྲུག་གྲགས། གློག་འཁྱུག ཆར་བབས།

ཧ་ཅང་ཐབས་ཟད། ཤིན་ཏུ་འུ་ཐུག་དུས།

གཞན་གྱི་ཡིད་ལ་མ་དྲན་པ་དེ་ཤེས་རབ་སྤང་ལ་

མེ་བཞིན་ཤོར།

ཁྲག་ཐིགས་ཤར་མོ་གཅིག་གི་རྗེས་སུ།

མེ་ཏོག་རྡང་གང་སྐྱེས།

མེ་ཏོག་རྡང་གང་གི་རྣམ་ཤེས་མཁའ་ལ་འཕོས་པ་

ཡིན་ནམ།

ཡང་ན། དགུང་གི་སྐར་ཁྱུ་ཞིག་མེ་ཏོག་རྡང་གང་གི་རྣམ་ཤེས་སུ་གྱུར་རམ།

ཁྲག་དང་རྔུལ་ཆུའི་དཀའ་བ་སྤྱད་དེ་གནམ་མཐའ་འགྲིམས། 

རྐང་ལམ་དང་རུ་སྡེ་ཁྲ་མོ་བརྒྱུད་ནས་ས་མཐའ་

འགྲིམས།

ཆུ་ཕྲན་ཆུང་ཆུང་ཞིག་གི་ཕ་རོལ་ཏུ་འགྲོ་བར། 

གཙང་བོ་རབ་མེད་ཅིག་བརྒལ་དགོས་པའི་

གནད་འགག་ཏུ་གྱུར།

ལུང་པ་ཆུང་ཆུང་ཞིག་གི་ཚུ་རོལ་ཏུ་ལོག་པར།

མཚན་ལམ་རིང་མོ་ཞིག་བསྐྱལ་དགོས་པའི་

གནོན་ཤུགས་ཆེ། 

མདའ་གྲི་མདུང་གསུམ་གྱི་མཚོན་ཆ་ཐོགས་ནས།

ཁྲབ་རྨོག་འཁོར་གསུམ་གྱི་གོ་ཆ་གྱོན་ནས།

ཕྱིར་མི་ལྡོག་དཔའ་བོའི་ལམ་དུ་ཞུགས།

བརྗེད་མི་སྲིད་པའི་རྩོད་ལྡན་གྱི་བསྐལ་བ་ལ་

འགྲན་བཙུགས། 

ལྕང་ལོའི་གསེབ་ནས་ས་རུབ། 

གཡང་གཟར་གྱི་རྩིག་པ་ལས་འཆི་བ་སྐྱེ། 

རླུང་ནང་ནས་མཚོན་གྱི་ཆར་བ་བབས། 

མི་དཀར་ནག་གཉིས་ཀྱིས་ལག་གང་སྔ་རྩད་ནས་

སྲོག་ལ་འཇབ་དུས། 

ཁྲག་ཐིགས་ལས་སྦར་བའི་མེ་སྟག་ཅིག་གིས་

ནམ་ལངས་པར་བྱས་སོང་། 

ལྷ་འདྲེ་གཉིས་འཐབ་པའི་ལམ་གྱི་ལས་དབང་། 

གནས་འགྲོ་བུ་མོ་བཞིན་སྐྱོ་དགོས་སོང་། 

བྲག་རྡོ་རྙིང་བའི་སྟེང་གི་སྐྱུར་རྩི་གསར་བ་ཞིག 

རྣམ་ཤེས་རྙིང་བ་ཞིག་གིས་ལུས་རྟེན་གསར་བ་བླངས་པ་དང་འདྲ་བཞག

འགྲུལ་བཞུད་ཀྱི་རྐང་སྒྲུང་བས་མཐའ་ལ་བྲིས་ཏེ། 

རྦབ་རྡོ་བྲག་ནས་ཆད་པ་དང་འདྲ་བར་རྩ་བ་ས་ལ་ཟུག

སྨུག་པ་མཚོ་ནས་ལངས་པ་དང་འདྲ་བར་རྩེ་མོ་དགུང་ལ་འདྲེས།

དུས་རབས་ཀྱི་གདམ་གསེས་ལ།

ཆུ་ཆེན་གྱིས་ལམ་ཕྱེས་སོང་།

རི་ཆེན་གྱིས་མགོ་སྒུར་སོང་།

བརྒྱལ་བ་ལས་སད་དུས། 

མེས་པོའི་གོམས་སྲོལ་ཇི་བཞིན། 

ང་ཡི་དུར་ས་མཁའ་ལ་འདེབས་སྲིད་དམ།

ནུབ་བྱང་གི་མཚམས་སུ།

ལོ་རྒྱུས་ཀྱི་སྙན་ངག་ཚོམ་བུ་ཚོམ་བུ་སྐྱེས།



རྩོམ་ཡིག་སྔོན་མ།
2021ལོའི་དེབ་3པ།
རྩོམ་ཡིག་རྗེས་མ།

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1