ཞབས་རྗེས་ཀྱི་རི་མོ་དེད་ནས་སོང་ན།

གངས་སྙེག ( ཐེ་བོ་རྫོང) རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 09-14


མའོ་ཀྲུའུ་ཞི་ཐེ་བོ་རུ་བཞུགས་དུས།

གཙང་བོའི་རབ་ཁ་བརྒལ་ཞིང་།

གངས་རི་སྐོར་ཏེ་ལ་ལུང་བརྒྱུད།

རྒྱང་སྐྱོད་ཀྱི་གོམ་ཁ་ཚེ་སྲོག་གི་རྟེན་ཕུར་བཞིན།

འདུན་མ་དང་ཆོད་སེམས་ཀྱིས་བརྟས་པའི་སྤོབས་པས།

གཡུལ་འཐབ་ཀྱི་འགག་སྒོ་རྡོག་པས་བརྫིས་ཏེ།

ཞབས་རྗེས་ཀྱི་རི་མོ་རེ་རེ་དམར་པོ་ཚོན་གྱིས་ཕབ།

ལོ་རྒྱུས་སུ་ཚུད་པའི་ཡིག་འབྲུ་རེ་རེ་ནི།

སྲོག་གི་མདུད་པ་གྲོལ་བའི་རྣམ་ཤེས་རེར།

ཆར་ཐིགས་ཀྱིས་ཟགས་པའི་སྒྱོགས་མདེལ་དང་མདེའུ།

མདུན་སྐྱོད་ཀྱི་གོམ་ཁས་བསུ་ཞིང་སྤོབས་པས་འདེགས་པས།

འོད་སྣང་གིས་རེག་པའི་འཇའ་ཚོན་གྱི་དཔའ་དར།

མཐོང་ལམ་གཤགས་པའི་མགོ་ཐོག་གི་སྐར་མ་འོད་ཆེན།

དམར་པོ་སྲོག་གི་གདན་ལྟར་འདིང་བའི་ལམ་ཁ།

དགྲ་ངན་གྱི་གཡོ་སྒྱུའི་མཚོན་ཁ་ལས་ཇེ་དོག་ནས་ཇེ་ཐུལ།

མདེའུ་ཆར་བབས་པར་སྲོག་གི་ལྕགས་རི་བསྐོར།

དགྲ་ངན་གྱི་གཡོ་ཇུས་ཤེས་རབ་ཐབས་ཀྱིས་འདུལ།

རྒྱལ་ཁའི་ལམ་ཆེན་དུ་བཅགས་པའི་ཞབས་རྗེས་རེ་རེར།

གསར་བརྗེའི་ལས་འགུལ་གྱི་དར་ཤིང་རེ་སྒྲེང་དུས།

ལོ་རྒྱུས་ཀྱི་དབྱིངས་སུ་ཐིམ་པའི་སྐར་མའི་ཚོགས།

གཏན་དུ་བདེན་དོན་གྱི་ནམ་མཁར་འཛུམ་པའི་རི་མོ་བཞིན།

ང་ཚོའི་མིག་ལམ་དུ་ལམ་སྟོན་གྱི་འོད་ཞགས་སུ་འཚེར།

དམར་དམག དམར་དམག

གསར་བརྗེའི་རླུང་དམར་ལ་རྒོལ་བའི་འཐབ་མོ་བ།

ཁྱེད་ཀྱི་ཞབས་རྗེས་ཀྱི་རི་མོར་ལན་གཅིག་མཇལ་བའང་།

རང་ཉིད་ཀྱི་ལུས་སེམས་ལ་ཁྲུས་གསོལ་བྱེད་སྟངས་ཤིག

དེ་རིང་ང་ཚོས་ཁྱེད་ཀྱི་ཞབས་རྗེས་འཚོལ་གྱིན།

གྱང་ལྡེབས་ཀྱི་རི་མོ་དང་ཡིག་འབྲུ་རེ་རེར།

འཆར་ཡན་གྱི་གཤོག་པ་སྤྲད་དེ་སྤུར་བར།

དྲན་གསོའི་རྡོ་རིང་གི་ཚན་ཁ་ནམ་ཡང་མི་ནུབ་པར་ཞུ།

ཞབས་རྗེས་ཀྱི་རི་མོ་དེད་ནས་སོང་ན།

སྲོག་ལ་བབས་པའི་གྲོས་གཞི།

མདུན་ནས་མདུན་དུ་སྐྱོད།

རྒྱང་ནས་རྒྱང་དུ་སྐྱོད།

གཡུལ་འཐབ་ནས་ངེས་མེད་གཡུལ་འཐབ།

ཞབས་རྗེས་ཀྱི་རི་མོ་དེད་ནས་སོང་ན།

ལོ་ཟླའི་མདའ་རྟགས“༡༩༣༥.༩.༡༢”ལ་ཁེལ།

བྱང་སྐྱོད་དང་ལྷོ་སྐྱོད་ཀྱི་འགལ་འདུའི་མེ་ཕུང་།

ཕྱོགས་སུ་ལྷུང་སྟེ་མདུན་སྐྱོད་ཀྱི་ལམ་ཁར་གཟིམ།

ཀྲང་གོ་ཐོའི་གཡས་ལྷུང་ཁ་བྲལ་གྱི་ནོར་འཁྲུལ་ལས།

གསར་བརྗེའི་ལས་དོན་གྱི་རླུང་ནག་འཚུབ་ཅིང་།

འཐབ་རྩོད་ཀྱི་མེ་རོ་ཕྱོགས་སུ་གཏོར་ཏེ།

མདུན་སྐྱོད་ཀྱི་གོམ་ཁ་རེ་ཞིག་མཁྲེགས་པར་གྱུར།

དམར་དམག དམར་དམག

བཟོ་ཞིང་དམག་གི་ཆོད་སེམས་དང་བློ་སྤོབས།

གཙང་བོ་བཞིན་རྦད་དེ་འགྲིལ་ཞིང་།

རི་རབ་བཞིན་བརྟན་ཞིང་བརླིང་བས།

གློག་ཞགས་བཞིན་མྱུར་ཆེ།

གནམ་ལྕགས་བཞིན་སྒྲས་ཆོད་པས།

སྲོག་ལ་བབས་པའི་གྲོས་གཞི“མགོ་རྗེ་གྲོས་ཚོགས།”

ལོ་རྒྱུས་ཀྱི་རི་མོར་བཀོད་དེ་མདུན་སྐྱོད་ཀྱི་ལམ་ཁ་བརྙེས།

མདུན་ནས་མདུན་དུ་སྐྱོད།

རྒྱང་ནས་རྒྱང་དུ་སྐྱོད།

གཡུལ་འཐབ་ནས་ངེས་མེད་གཡུལ་འཐབ།

སྤོབས་པའི་དབུ་འཕང་གཙང་བོ་བཞིན་རྦད་དེ་འགྲིལ་བས།

ལྷན་འཛོམས་ཀྱི་ཆུ་སྣ་རིས་སུ་གྲུབ་སྟེ།

འཐབ་འཛིང་གི་རྦ་རླབས་བྲག་ལ་བརྡབས་ནས།

རྒྱལ་ཁའི་ཟེགས་མ་མཁའ་རུ་འཕྱོ།

ཟེགས་མ་བཞིན་འཐོར་བའི་ཚེ་སྲོག་ལ།

འཇའ་ཚོན་གྱི་རི་མོ་རྣམ་པར་བཀྲ།

དམར་པོ་སྲོག་གིས་བྲིས་པའི་ཞབས་རྗེས་སུ།

རྔུལ་ཁྲག་གིས་བྱུགས་པའི་གཙང་བོ་གྱེན་དུ་འཕྱུར།

ཞབས་རྗེས་ཀྱི་རི་མོ་དེད་ནས་སོང་ན།

སྲོག་ལས་གྲོལ་བའི་འགག་སྒོ།

མདུན་ནས་མདུན་དུ་སྐྱོད།

རྒྱང་ནས་རྒྱང་དུ་སྐྱོད།

གཡུལ་འཐབ་ནས་ངེས་མེད་གཡུལ་འཐབ།

ཞབས་རྗེས་ཀྱི་རི་མོ་དེད་ནས་སོང་ན།

སྲིན་པོས་མཆེ་གཙིགས་ཀྱི་འགག་འཕྲང་ཞིག་ཏུ་སླེབས།

དེ་ནི་སྲོག་གིས་གྲོལ་བའི“༡༩༣༥.༩.༡༦”གཡུལ་འཐབ་རེད།

སྟག་མོའི་མཆེ་བར་དུ་ཚུད་པའི་བེའུ་ལི་དང་།

རླུང་ནག་འཚུབ་མར་མཆེད་པའི་མེ་སྟག་བཞིན།

རེ་བའི་མིག་ཟུང་གི་གཤོག་པ་རྐྱོང་ཐབས་མི་འདུག

དམར་དམག དམར་དམག

བཟོ་ཞིང་དམག་གི་ཆོད་སེམས་དང་བློ་སྤོབས།

མཆེ་བ་འབལ་བའི་གསེར་ཐག་དང་།

འགག་ཕྲེང་གཏོར་བའི་སྟ་རེ་བཞིན།

མཆོང་སྐྱོད་རོལ་དབྱངས་ཀྱི་འགྱུར་ཁུག་ཁྲོད།

སྲོག་བསྡོས་ཀྱི་གོམ་ཁ་རྦ་རླབས་ལྟར་ལངས་ཤིང་འཇགས།

གཙང་བོ་རྒྱས། རི་བོ་གས།

མཚམས་སྤྲིན་གྱིས་མྱ་ངན་ཞུ།

དམར་དམག་མདུན་ནས་མདུན་དུ་མཆོང་།

ཚེ་སྲོག་དམར་པོ་འབེན་ལ་གཏད་དེ།

ཟུངས་ཁྲག་དྲོན་མོ་གཙང་བོར་བསྙལ་ནས།

རྒྱལ་ཁའི་དཔའ་དར་དགྲ་ངན་གྱི་ཀླད་རྩེར་སྒྲེང་།

མདུན་ནས་མདུན་དུ་སྐྱོད།

རྒྱང་ནས་རྒྱང་དུ་སྐྱོད།

གཡུལ་འཐབ་ནས་ངེས་མེད་གཡུལ་འཐབ།

ཞབས་རྗེས་ཀྱི་རི་མོ་དེད་ནས་སོང་ན།

ཐོ་རངས་བྱ་ཕོའི་མགྲིན་པ་བཏེགས་པའི།

དབུ་བརྙེས་པའི་འབོད་བརྡའི་རི་མོ་ཞིག་ལ་ཐིམ་འགྲོ།

འོ། དེ་ནི་ས་ཁྲ་ཞིག་རེད།

དེ་ནི་མེས་རྒྱལ་གྱི་མངའ་ཁོངས་རེད།

དེ་ནི་དམར་དམག་རྒྱང་སྐྱོད་ཀྱི་ཞབས་རྗེས་རེད།
                            ༢༠༢༡.༦.༡༦ཉིན།


རྩོམ་ཡིག་སྔོན་མ།
ལ་གཟར་འགག་གི་དབྱངས་རྟ'
རྩོམ་ཡིག་རྗེས་མ།
ལོ་བརྒྱའི་གཟི་འོད།

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1