ཟླ་དགུ་བ།

ཅོར་རིགས་འཇམ་དཔལ་སྐྱབས། ( ཀླུ་ཆུ་རྫོང ) རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 09-14


གར་ཡོང་མི་ཤེས་པའི་སེམས་ཀྱི་འཚུབ་ཆ་ཞིག་དང་སྨྲ་བསམ་བརྗོད་འདས་ཀྱི་བྲེལ་བྲེལ་གྱི་འགྱུར་བག་ཅིག་གིས་ཀ་བུ་རྡོ་རྗེ་ལ་མཚན་གང་བོར་གཉིད་སྐྱིད་པོ་ཞིག་མ་ཡོང་། ད་དུང་ཡང་གནམ་ལངས་མི་འདུག ཁང་བའི་ནང་དུ་ནག་འཐིབ་བེར་ལྷིང་འཇགས་ཀྱིས་ཡོངས་སུ་ཁེངས་ནས་ཡོད། ཁོས་མལ་ས་ནས་དུས་ཡུན་ཅུང་ཙམ་ལ་མིག་ཟུང་བཙུམ་སྟེ་ལུས་པོ་གློ་ཉལ་དུ་གཉིད་ཨེ་ཡོང་ལ་སྒུགས་ཀྱང་། གཉིད་རྒྱུ་ཞིག་གང་ནས་ཡོང་། ཐ་ན་གཉིད་ཅེས་པ་དེ་རྩ་བ་ནས་ཡལ་བ་དང་འདྲ་བར་ཁོའི་རྣམ་རིག་ཇེ་གསལ་དུ་གྱུར། ཡ་ཁོག་གི་གང་སར་རང་དབང་མེད་པར་དྲན་པ་རྟབ་རྟབ་པོ་ལས་བྲེལ་སྣང་གི་སེམས་ཁམས་ཤིག་གིས་ཁྱོན་ནས་འདུག་དབང་མི་སྟེར། ད་ལྟ་གཉིད་ཡོངས་སུ་ཡལ་ནས་སད་འདུག་པར་དཔགས་ན། ཅི་ནས་ཀྱང་སེམས་དོན་ཞིག་གིས་དབང་ཤེས་ཡོངས་སུ་བཟུང་བ་ལ་རྐྱེན་བྱས་ཏེ་གཉིད་ཡལ་བ་དང་དུས་ཚོད་ཀྱང་གནམ་སྨད་དུ་སླེབས་ཡོད་ཚོད་འདུག མདང་གི་གནམ་སྟོད་ལ་ཅུང་ཙམ་གཉིད་དུ་ཡུར་བའང་རྨི་ལམ་འཁྲུགས་པས་སེམས་པ་ཞོད་འཇགས་སུ་གནས་མ་ཐུབ་པ་འདྲ། ཁོས་མལ་ནས་ཐ་མག་རྐང་གཅིག་ལ་མེ་སྒྲོན་རྗེས་དལ་མོར་ཐེངས་གཅིག་རྔུབ་པ་དང“སེམས་ནི་ལུས་ཀྱི་རྒྱལ་བོ་ཡིན”ཟེར་བ་ལྟར་དྲན་ཡུལ་གྱི་ཁ་ཕྱོགས་གང་ཞིག་ལ་སེམས་ཀྱིས་ཁ་ལོ་བསྒྱུར་ཏེ་ཁ་སང་དགོང་དྲོར་གྲོགས་པོ་བཀྲ་ཤིས་སྐྱབས་ཀྱི་སར་སོང་སྟེ་ཁ་བརྡ་ཕྲན་བུ་བྱས་པའི་དོན་དེ་དྲན་པའི་མེ་ལོང་ངོས་སུ་ཝ་ལེར་ཤར་བྱུང་། 

བཀྲ་ཤིས་སྐྱབས་ནི་ལོ་ངོ་གསུམ་ལ་སློབ་ཆེན་ནས་བསླབ་གཉེར་བྱས་ཏེ་ད་ལོ་སློབ་མཐར་ཕྱིན་པའི་ཤེས་རམས་པ་ཞིག་ཡིན་པས། དོན་ངོ་མར་སློབ་ཆེན་གྱི་སློབ་ཁྲིད་སློབ་གསོའི་གནས་སྟངས་ཇི་ལྟ་བུ་ཞིག་ཡིན་པ་ཁོ་ལ་ཆ་རྒྱུས་ཧ་ཅང་ཟབ་མོ་ཡོད་པ་རེད།

དུས་རྒྱུན་གྱི་འཚོ་བའི་ཁྲོད་དུ་ས་རུབ་ཁའི་མུན་པ་ནི་མི་གཏུམ་པོ་ཞིག་གི་བཞིན་མདོག་ནག་པོའི་ཁྲོ་གཉེར་དང་འདྲ་བར་ཁད་ཀྱིས་མཚམས་སྤྲིན་གྱི་ཕྱིར་མིག་འཕྲོག་སྟེ། ནམ་མཁའ་ཡོངས་སུ་སྤར་བགྲད་ཀྱིས་བསྡུ་ཐེངས་རེ་རེར། ཀ་བུ་རྡོ་རྗེ་ནི་ཕྱི་རོལ་གྱི་ཆོས་ཉིད་ལ་སྡང་སེམས་ཆེ་བ་མ་ཡིན་ན་ཡང་། ནང་སེམས་ཀྱི་འདོད་བློ་གང་རུང་ཞིག་བདག་མེད་དུ་འཁྱམས་པའི་ཐོབ་ཤོར་གྱི་མནར་གཅོད་ལས་བློ་ཕམ་པའི་ཡིད་ཆད་ཅིག་གིས་སེམས་ནང་དུའང་ན་བུན་འཐིབས་ནས་སྙིང་མི་བདེ་བར་ཟུག་རྔུ་ལངས་ཤིང་ཚོར་ཤེས་ཀྱི་དབང་ཤེད་ཆེ་བའི་མི་ཞིག་ཡིན། ཡིན་ན་ཡང་དེ་རིང་གི་དགོང་དྲོ་ནི་སྔོན་ཆད་དང་གཏན་ནས་མི་འདྲ་བར་དེ་ལས་ལྡོག་སྟེ་རླུང་རླབས་ཀྱི་ཕྲེང་བ་ཡུན་གྱིས་འཐོར་བ་ནི་དཔྱིད་ཀྱི་བསིལ་རླུང་འཇམ་པོའི་རྒྱུ་བ་དང་འདྲ་བར་ལུས་ལ་བདེ་ཚོར་གྱི་སྣང་བ་སྟེར་བ་དང་། མུན་ནག་གི་ངོ་གདོང་ནི་སྒེའུ་ཁུང་གི་དྲ་ཡོལ་དང་འདྲ་བར་དལ་གྱིས་ཁོའི་སེམས་ཀྱི་དགོས་མཁོ་ཅི་ཞིག་གི་ཁ་བསྐངས་པ་དང་འདྲ་བར་ཡུན་གྱིས་འཐེན་ཡོང་བས། ཡིད་སྣང་གི་སྐོམ་གདུང་བསལ་བའི་རེ་སྒུག་གི་གོམ་སྒྲ་ཇེ་ཉེ་རུ་གྱུར་པའི་དུས་ཚོད་ཀྱི་བཞུར་འགྲོས་ལས་དགོང་དྲོའི་སྣང་བརྙན་ཇི་འདྲའི་ཡིད་དུ་འོང་ཨང་། 

སང་ཉིན་གྲོང་ཁྱེར་དུ་སློབ་གཉེར་ལ་འགྲོ་གྲབས་བྱེད་པར་དེ་རིང་རྫོང་ཐོག་ནས་བྱ་བ་ཆུང་ངུ་དག་བསྒྲུབས་ཚར་བ་དང་ཕྱིར་ཡུལ་ལ་ལོག་པའི་ལམ་བར་དུ་གྲོགས་པོ་བཀྲ་ཤིས་སྐྱབས་ཀྱི་སར་སོང་སྟེ། སློབ་ཆེན་གྱི་སློབ་སྦྱོང་གི་ཁོར་ཡུག་དང་ལྷག་པར་དགེ་རྒན་ཚོར་ཡང་བསྐྱར་རྒྱང་མཇལ་ཐེངས་ཤིག་བྱེད་འདོད་ཀྱི་འདུན་པ་དྲག་པོས་ཀུན་ནས་གཡོས། ཁོ་ཕྱིར་ཡུལ་དུ་ཡོང་ཁར་གྲོགས་པོ་བཀྲ་ཤིས་སྐྱབས་ཀྱི་ཁང་ཁྱིམ་ཡོད་སའི་སྲང་ལམ་དུ་འཕྲུལ་རྟའི་ཁ་དཀྱོགས། ཁོ་ཚང་ལ་འགྲོ་སའི་སྲང་ཤུར་དེ་ཤིན་ཏུ་དོག་ཅིང་ལམ་ཀྱག་ཀྱོག་ཆེ་བ་དང་། དུས་རྒྱུན་དུ་མི་དང་འཕྲུལ་ཆས་ཕར་འགྲོ་ཚུར་འོང་གི་རྒྱུ་བ་ལྷག་པར་འཚུབ་པས་འཕྲུལ་རྟའི་གློག་སྒྲོན་བཀར་ཏེ་དལ་མོར་སོང་། སྒོ་འགྲམ་དུ་འབྱོར་བ་དང་དུང་བརྡ་བརྒྱབ། ཁྲོག་ཁྲོག་གི་སྒྲ་ཞིག་གྲགས་པ་དང་དེ་འཕྲལ་སྒོ་འབྱེད་ཙམ་བྱས་བྱུང་། སྒོ་འབྱེད་མཁན་ནི་བཀྲ་ཤིས་སྐྱབས་ཀྱི་ཆུང་མ་གཡང་དཀར་རེད། སྐབས་དེར་ཀ་བུ་རྡོ་རྗེ་ཡིས“བཀྲ་ཤིས་སྐྱབས་ཡུལ་ན་ཨེ་འདུག”ཅེས་དྲིས་པ་དང་ཁོ་མོས་ཀྱང་རྒྱུས་ཡོད་ཀྱི་སྐད་སྒྲ་དེ་རང་གི་ཁྱོ་ག་བཀྲ་ཤིས་སྐྱབས་ཀྱི་གྲོགས་རྙིང་བ་ཀ་བུ་རྡོ་རྗེ་ཡིན་པ་ངོ་ཟིན་ཏེ། “འོ། ཀ་བུ་རྡོ་རྗེ་རེད་མོད། ཁོ་ཡུལ་ན་ཡོད། ཁྱིམ་ལ་ཤོག”ཟེར་བ་དང་།“འཕྲུལ་རྟ་ར་སྐོར་དུ་འཇོག་རོགས། རྐུན་མ་དང་སངས་རྒྱས་གར་ཡོད་མི་ཤེས་པས་ས་རུབ་ཁའི་དུས་འདི་ལ་ལྷག་ཏུ་སེམས་ཆུང་བྱེད་དགོས”ཞེས་བཤད་ཞོར་དུ་ཁོ་ཚང་གི་རྒྱ་སྒོ་ཆེ་རུ་ཕྱེས། ཁོས་ཀྱང་ཁོ་མོས་གསལ་འདེབས་བྱས་པ་ནང་བཞིན་འཕྲུལ་རྟ་ཁང་ཁྱིམ་གྱི་ར་ནང་དུ་དེད་དེ་སོང་བ་དང་ཁྱིམ་དུ་ལོག 

སྒེའུ་ཁུང་གི་ཐོང་འོག་ཏུ་དེང་སྐབས་དར་ཆེ་བའི་ཤེལ་གྱི་སྒྲོག་ཙེ་ཞིག་ཡོད་པ་དང་དེའི་སྟེང་དུ་ལག་འཁྱེར་རྩིས་འཁོར་སོ་རྙིང་རན་པ་ཞིག་ཁ་ཕྱེས་ནས་བཞག་ཡོད། གྲོགས་པོ་བཀྲ་ཤིས་སྐྱབས་ཀྱིས་རྩིས་འཁོར་གྱི་སྒྲོམ་ངོས་སུ་ཅེར་ནས་འདུག ཀ་བུ་རྡོ་རྗེ་ཤེལ་ཁང་དུ་འབྱོར་བ་དང་ཁོས“འོ། འོ། ཀ་བུ་རྡོ་རྗེ་རེད་མོད། ཤོག ཤོག”ཟེར་བཞིན་ཡར་ལངས་ནས་ཚུར་ཡོང་སྟེ་ལག་འཇུ་བྱས། ཀ་བུ་རྡོ་རྗེ་ཡང་འཛུམ་དང་བཅས་ཏེ་ནང་དུ་སོང་བ་དང“ཁྱོད་ཀྱིས་རྩིས་འཁོར་བཀོལ་བཞིན་ཡོད་དམ”ཞེས་བཀྲ་ཤིས་སྐྱབས་ལ་དྲིས་པར། ཁོས“ཤོག་ངོས་སུ་ཕབ་པའི་དཔྱད་རྩོམ་འདི་བཏགས་བཞིན་ཡོད”ཟེར་བ་དང་འབྲི་ཤོག་བམ་ཞིག་ཀ་བུ་རྡོ་རྗེའི་ཕྱོགས་སུ་གཏོད་ཞོར་དུ“ཁྱོད་ནམ་ཞིག་ལ་འགྲོ་རྒྱུ་ཡིན། སང་ཉིན་ཟླ་དགུ་བའི་ཉིན་དང་པོ་ཡིན་པས། ད་ནི་ཁྱོད་ཀྱང་འགྲོ་རན་རེད”ཟེར། ཀ་བུ་རྡོ་རྗེས“འུན། འུན།”ཞེས་མགོ་བ་ནང་ལ་གུག་གུག་གིས་འགྲོ་རན་འདུག་པའི་བརྡ་བསྟན་པ་དང་སྐད་ཆ་གཞན་པ་ཅི་ཡང་མ་བཤད་པར་ཐོག་མར་དཔྱད་རྩོམ་ལ་མིག་ཉུལ་ཞིག་བྱས། ཁོའི་དཔྱད་རྩོམ་གྱི་ཁ་བྱང་ལ“མི་ཆོས་ཀྱི་མཐའ་དཔྱོད་དང་ཀུན་སྤྱོད་བར་གྱི་འབྲེལ་བ་ལ་ཅུང་ཙམ་དཔྱད་པ”ཅེས་བྲིས་འདུག ཁ་བྱང་དེ་ལ་བལྟས་རྗེས།“ཁ་བྱང་ཡག་པོ་འདུག ཡང་དཔྱད་རྒྱུ་རེད་ལ”ཞེས་བཀྲ་ཤིས་སྐྱབས་ཀྱི་གདོང་ལ་ཅེར་ནས་རྩེད་ཉམས་ཀྱིས་དགོད་བཞིན་དུ་བཤད་པ་དང་མཉམ་དུ་རང་གི་ཨམ་ཕྲག་ལས་ཐ་མག་རྐང་གཅིག་གི་སྣེ་ལ་མེ་སྒྲོན། 

ཕྱིར་དྲན་གྱི་ཁྲོད་ནས་ཁ་སང་དགོང་ཁའི་དོན་དེ་ཡིད་ལ་དྲན་པ་དང་ཀ་བུ་རྡོ་རྗེ་ཡིས་མལ་ས་ནས་མཛུབ་བར་དུ་བཟུང་བའི་དུ་སྣེ་དེར་ཐེངས་གཅིག་རྔུབ། ཐེངས་གཉིས་རྔུབ། ཡང་བསྐྱར་ཐེངས་གཅིག་རྔུབ། ཡིན་ན་ཡང་ཁ་ནང་ལ་དུ་བ་རྔུབ་པའི་རེག་བྱ་ཅི་ཡང་མི་འདུག ཡིན་རྒྱུ་ནི་དུ་བ་སྔ་མོ་ནས་མེས་ཟས་ཚར་སོང་། དེ་ནས་ཁོས་དུ་སྣེ་མར་གཡུག་སྟེ་ལུས་པོ་གློ་ཉལ་དུ་གཡོན་སར་ཟུར་བ་དང་འདང་རྒྱག་ཆེ་བའི་བགྲེས་སོང་ཞིག་གིས་གཟབ་ནན་ཏུ་དུ་བ་ཁོག་རྔུབ་བྱེད་པ་དང་འདྲ་བར། ཡང་བསྐྱར་ཐ་མག་རྐང་གཅིག་ལ་མེ་བསྒོས་ཏེ་མུ་མཐུད་དུ་ཕྱིར་དྲན་གྱི་འཕྲོ་བསྐྱངས། 

བཀྲ་ཤིས་སྐྱབས་ཀྱི་ཆུང་མས་ཤེལ་ཕོར་འབྲུག་རིས་ཀྱི་ནང་དུ་ཇ་ལོ་བཏབས་ཏེ་ལྗང་ཀྲུག་ཀྲུག་ཏུ་ཀ་བུ་རྡོ་རྗེ་ལ་གཏད་རྗེས། ཁོ་མོས“མུ་འབྲེལ་བརྙན་འཕྲིན་ཟློས་གར་བལྟ་འཕྲོ་ཅན་དེ་ད་ནི་མུ་གཏོང་བྱེད་པའི་དུས་ཚོད་ལ་ཉེ་བཞིན་འདུག”ཟེར་བ་དང་ཁྱིམ་ལས་ཙག་ཙིག་ལ་དེ་མུར་རེམ་སོང་། 

བཀྲ་ཤིས་སྐྱབས་ཀྱིས་ཁོས་རང་གི་དཔྱད་རྩོམ་གྱི་མ་ཡིག་དེ་ལ་མཛུབ་མོ་ཀེར་ནས་འཛུམ་དམུལ་དམུལ་དུ“ངའི་རྩོམ་ཡིག་འདི་ནི་ན་ནིང་དགེ་རྒན་གྱིས་བཀོད་སྒྲིག་བྱས་པའི་ལས་བྱ་ཞིག་ཡིན་མོད། སྐབས་དེར་བྲེལ་འཚུབ་ངང་བྲིས་པས་འདོད་ཐོག་ཏུ་མ་ཡོང་། ད་ལོ་ཡང་བསྐྱར་ཁ་གསབ་ཅིག་རྒྱག་འདོད་པ་ཡིན”ཞེས་བཤད། ཁོས་བཀྲ་ཤིས་སྐྱབས་ལ“མཛུབ་སྟོན་དགེ་རྒན་གྱིས་དཔྱད་རྩོམ་ལ་དོགས་དཔྱོད་གནང་སྟེ་བརྗོད་གཞི་འདི་ལ་བློ་སྣེ་གཞན་པ་ཞིག་སྒུལ་བྱུང་བ་ཨེ་རེད”ཅེས་དྲིས་པར།“ལས་བྱ་ཞུ་དག་བྱས་ཏེ་ནན་ཏན་གྱིས་མཛུབ་སྟོན་བྱེད་པའི་དགེ་རྒན་ཧ་ཅང་ཉུང་ཉུང་རེད། གཙོ་བོ་ཤོག་ངོས་ཁེབས་བྱེད་ཀྱི་ཡིག་ཚོགས་སྤུངས་ཏེ་སྐར་མ་ལེན་ཐབས་བྱེད་པ་ཁོ་ན་ཙམ་ཡིན་པར་གོ་བཞིན་ཡོད་པས། ནན་ཏན་བྱེད་དགོས་དོན་མི་འདུག མཛུབ་སྟོན་དགེ་རྒན་ཡིན་ན་ཡང་རྩོམ་ཡིག་ལ་ཞིབ་གཟིགས་གནང་སྟེ་དགོངས་འཆར་འདོན་པ་དང་དཔྱད་འཇོག་བྱེད་མཁན་ཧ་ཅང་ཉུང་ཉུང་རེད”ཅེས་ཟེར། 

ཀ་བུ་རྡོ་རྗེ་ནི་སློབ་ཆུང་དགེ་རྒན་དཀྱུས་མ་ཞིག་ཡིན་པས། ཁོའི་སེམས་ནང་དུ་སློབ་ཆུང་དགེ་རྒན་ཚོས་སློབ་ཁྲིད་སློབ་གསོ་ཇི་ལྟར་བྱེད་བཞིན་ཡོད་པའི་གནས་ཚུལ་ལ་ཧ་ཅང་རྒྱུས་ལོན་ཡོད་པས། ཁོས་དེ་མ་ཐག་རང་ཉིད་ཀྱི་ལས་གནས་དང་འབྲེལ་བའི་སློབ་ཆུང་དགེ་རྒན་དག་གི་འདུ་ཤེས་འཛིན་སྟངས་དྲན་བྱུང་། སློབ་ཆུང་དགེ་རྒན་ཚོས་སྦྱང་གཞི་བཀོད་སྒྲིག་བྱས་པ་ཚང་མ་གཅིག་ཀྱང་མ་ལུས་པར་སློབ་མ་རེ་རེ་བྱས་ཏེ་ནན་ཏན་དུ་རྟགས་རྒྱག་པ་དང་དུས་རྒྱུན་པར་སྐུལ་སློང་གི་སྡོམ་ཆུང་རེའང་འགོད་ཀྱིན་འདུག དེ་ནི་ཐེངས་གཅིག་མ་ཡིན་པར་ཉིན་རྒྱུན་དུ་དེ་ལྟར་ཡིན་པ་དང་། ཉིན་རྒྱུན་དུ་ཕལ་ཆེར་སློབ་མ་གཅིག་ལ་ལས་བྱ་ཁག་གསུམ་བཀོད་སྒྲིག་བྱ་བཞིན་ཡོད་པ་དང་དེ་དག་རེ་རེ་ལའང་གཟབ་ནན་བྱེད་པ་རྒྱུན་འཁྱོངས་བྱས་ཏེ་སློབ་མའི་བྲིས་ཡག་པ་དང་ཀློག་དག་པ། དོན་རྟོགས་པ་བཅས་ཀྱི་ཆེད་དུ་རང་ཉིད་ཀྱི་དུས་ཚོད་མང་བོ་སྤྱད་དེ་ལང་ཚོ་གཞན་དོན་དུ་ཟད་བཞིན་པ་ནི། རུལ་སུངས་ལ་གྱུར་པའི་སྤྱི་ཚོགས་ཁོར་ཡུག་ཏུ“སློབ་ཆུང་དགེ་རྒན་ཞིག”ཅེས་ཤིན་ཏུ་ཆུང་བའི་ཁྱད་གསོད་ཀྱི་རྣམ་འགྱུར་འཛིན་པའི་ལྟ་སྟངས་དེ་ཡང་ཁོར་ཡུག་ཆུང་ཆུང་གི་འགོས་ནད་རིགས་ཤིག་ཅི་ལ་མ་ཡིན་བསམ། སློབ་ཆུང་དགེ་རྒན་ལ་གོ་གནས་ཤིན་ཏུ་ཆུང་བ་དང་རྩིས་ཐང་ཧ་ཅང་དམན་པའི་གནས་བབ་ཞིག་ཏུ་ལྷུང་ཡོད་ན་ཡང་། དོན་དངོས་སུ་སྐྱོ་ངལ་སྤངས་པའི་གཞན་སེམས་ཀྱི་བརྟུལ་ཕོད་དེ་ཁོ་ནས་ཁོ་ཚོ་ཆུང་ཆུང་མ་ཡིན་པའི་རླབས་ཆེན་གྱི་ལས་ཀ་དོན་དུ་གཉེར་བའི་བདེན་དཔང་ཅི་ལ་མ་ཡིན་ནམ་སྙམ་བྱུང་། དེ་ནས་བཀྲ་ཤིས་སྐྱབས་ལ“སློབ་ཆེན་དུ་སོང་ན་དགེ་རྒན་ཆེན་མོ་ཚོས་ཤེས་བྱ་བུམ་པ་གང་བྱོའི་ཚུལ་དུ་ལྡུད་པ་ངོ་མཚར་ཆེ་ཨང”ཞེས་ཁྱད་མཚར་བའི་ཚུལ་གྱིས་དྲིས་པ་ན། བཀྲ་ཤིས་སྐྱབས་གད་མོ་དགོད་པ་དང“ཁྱོད་རང་སློབ་ཆེན་དུ་སོང་དང་ཡོན་ཏན་དཔག་ཚད་ནས་དཔག་ཚད་རྒྱས་ངེས་རེད། དགེ་རྒན་རྣམ་པས་གདུལ་བྱ་ཆོས་བཞིན་དུ་བསྐྱངས་པ་ངོ་མ་སེམས་འགུལ་ཐེབས”ཞེས་བཤད། སྐབས་དེར་ཀ་བུ་རྡོ་རྗེའི་སེམས་སུའང་གཞི་རིམ་སློབ་ཆུང་གི་དགེ་རྒན་རྣམ་པས་རང་གི་ལས་གནས་ལ་དགའ་ཞེན་ཆེ་སྟེ། གཅིག་ན་འཚོ་བའི་རྒྱབ་རྟེན་ཏེ་དགེ་རྒན་གྱི་ལས་ཀ་ནི་དཔལ་འབྱོར་གྱི་ཡོང་ཁུངས་ཡིན་པས་འགན་འཁུར་གྱི་འདུ་ཤེས་ཡོད་པ་དང་། གཉིས་སུ་མི་རིགས་ཤིག་གི་མ་འོངས་པ་དང་མི་རབས་ཞིག་གི་མདུན་ལྗོངས་ལ་ཤ་དྲོད་མ་ཡལ་བའི་བརྩེ་སེམས་ལྡན་པས། དུས་ནམ་ཡང་ལྷག་བསམ་ཟོལ་མེད་ཀྱིས་གནམ་སྔ་ལངས་དང་དགོང་འཕྱི་ཉལ་གྱིས་སློབ་ཁྲིད་སློབ་གསོའི་ལས་དོན་ལ་མི་ཚེ་འབུལ་བཞིན་ཡོད་པར་བསམ་བློ་བཏང་ནས། ཁོས་གཞི་རིམ་གྱི་དགེ་རྒན་ཚོས་རི་གྲོང་གི་རུ་སྡེ་རེ་རེ་ལ་གསེར་མདོག་གི་ཉི་འོད་དྲངས་པའི་སྙིང་སྟོབས་དེ་སེམས་སུ་ལན་གཅིག་དྲན། དེ་བཞིན་དུ་སློབ་གྲྭ་ཆེན་མོའི་དགེ་རྒན་ཚོས་ཀྱང་མཐོ་རིམ་སློབ་གསོའི་ལས་དོན་ལ་ཐུགས་གཞིགས་གནང་སྟེ་ཐ་ན་མཚན་མོའི་གཉིད་ཀྱང་ཡལ་བཞིན་ལོས་ཡོད་བསམ་པ་དང་ཁོང་ཚོ་ནི་མི་རིགས་ཤིག་གི་རིག་གཞུང་གི་དེད་དཔོན་ཡིན་པས་གཏིང་ཟབ་ས་ནས་རང་གི་ཚེ་སྲོག་ཀྱང་གཏའ་མར་བཞག་སྟེ་རིགས་ཞེན་གྱི་དུང་བརྡ་དཀྲོལ་བཞིན་ཡོད་སྲིད་སྙམ། ད་དུང་དགེ་རྒན་ཆེན་མོ་ཁོང་ཚོའི་གོ་རྟོགས་ཧ་ཅང་མཐོ་བས་དེ་བས་ཀྱང་ལྷག་བསམ་རྣམ་པར་དག་པས་སློབ་གསོའི་ལས་དོན་ལ་དོན་གཉེར་གྱི་རྔུལ་ཁྲག་རྫོགས་མེད་འབྱིན་བཞིན་པ་ཁོ་ཐག་ཡིན་སྲིད་སྙམ་སྟེ། རང་དབང་མེད་པར་སེམས་ནང་ནས་དད་གུས་བླ་ལྷག་གི་སེམས་ཁམས་སྟུག་པོ་ཞིག་ནམ་མཁའི་ཆུ་འཛིན་གྱི་ཕུང་བོ་བྱང་རླུང་གི་རམ་འདེགས་ལ་བརྟེན་ཏེ་གཅིག་འཕྲོར་གཅིག་གིས་དེད་དེ་ལྷོ་རུ་བཞུད་པ་དང་ཀུན་ནས་འདྲ།

སྐབས་དེར་བཀྲ་ཤིས་སྐྱབས་ཀྱིས་མདུན་གྱི་ཇ་ཕོར་དེ་ལག་ཏུ་བཟུང་སྟེ་ཧུབ་ཅིག་བཏབ་རྗེས། བཞིན་མདོག་ཅུང་ཕམ་སེམས་ཀྱི་སྐྱོ་ཤས་དང་ལྡན་པར་གཟབ་ནན་དུ“དྲང་མོ་བཤད་ན། སློབ་ཆེན་དུ་སོང་རྗེས་གཙོ་བོ་མི་རང་ཉིད་ལ་རག་ལས་ཡོད། དེ་ཡིན་ཀྱང་སྲིད་དེ་སློབ་ཆེན་སློབ་གསོ་རེད། སྤྱོད་ཡོན་གཉིས་ལྡན་གྱི་དགེ་རྒན་བཀའ་དྲིན་ཅན་མང་པོ་ཞིག་ནི་སྨྲ་བསམ་བརྗོད་ལས་འདས་པའི་གཟི་བརྗིད་ཅན་ཡིན་ཏེ། དེ་ནི་མི་རིགས་ཙམ་མ་ཟད་མིའི་རིགས་དང་འགྲོ་བ་ཡོངས་ལ་ཤེས་རིག་གི་འོད་སྣང་ཚུར་དྲངས་ནས་མུན་ནག་གསལ་བར་བྱས་པའི་མཛད་འཕྲིན་བསྐལ་བའི་མཐའ་ལ་སྐྱོང་བཞིན་འདུག་པ་ནི་ངོ་མ་རྗེས་སུ་ཡི་རངས་ཞུ་འོས། ཡིན་ན་ཡང་དགེ་རྒན་ཁ་ཅིག་ནི་ཆེས་ཐོག་མར་མི་རང་གི་སེམས་ནང་དུ་བཟུང་ཡོད་པའི་མ་མཇལ་གོང་གི་སྣང་བརྙན་དེ་འདྲ་ཞིག་གཏན་ནས་མ་ཡིན། ཁ་ཤས་ཤིག་མ་མཐའ་སློབ་ཁྲིད་ལའང་ཆད་པ་དང་ཡང་ན་བྱ་བའི་དབང་གིས་དུས་ལྟར་མི་འབྱོར་བ། ཡང་ན་སྒེར་དོན་དུ་གནང་ཞུ་བྱེད་པ། སློབ་ཁྲིད་སྐབས་སུ་རང་ཉིད་ཀྱི་རྩལ་ནུས་ཁོ་ན་ངོམ་ཅི་ཐུབ་དང་རང་ལུགས་ཁོ་ནས་སྒེར་གཅོད་བྱེད་པ། དེ་མིན་སློབ་མར་མཛུབ་སྟོན་ནན་མོ་མི་བྱེད་པར་ཅི་ཐུབ་ཀྱིས་སྐྱོན་ཆ་བརྗོད་ནས་འཕེལ་ལྡིང་གི་སྲོག་སྙིང་གཅོད་པ། དཔྱད་གཞི་རྒྱུ་ཆ་ལྐོག་ཏུ་སྦས་པ། ཁ་ནས་རྒྱལ་ཁབ་དང་མི་རིགས་ཞེས་གླེང་ཡང་དོན་ལ་རང་དོན་འབའ་ཞིག་གཉེར་བ”སོགས་དེ་ལྟར་སྐད་ཆ་མང་བོ་ཞིག་ཆུ་བཞུར་བཞུར་དུ་གླེང་བཞིན་པའི་སྐབས་དེར། ཀ་བུ་རྡོ་རྗེ་ཁོའི་གདོང་ལ་ཅེར་ནས་ད་དུང་སྐད་ཆ་མང་པོ་མང་པོ་ཞིག་གླེང་རྒྱུ་འདུག་པའི་ཉམས་སྣང་དེར་བལྟས་ནས་ཁོའི་བཤད་འཕྲོ་ལ་མུ་མཐུད་དུ་ཉན་འདོད་ཀྱི་སྐོམ་པ་དྲག་ཏུ་སྐྱེས། 

དུས་དེར་ཀ་བུ་རྡོ་རྗེ་མལ་ས་ནས་གན་རྐྱལ་དུ་ཉལ་བ་དང་ཡང་བསྐྱར་མེ་ཆ་ནན་ཏན་ཏུ་སྦར་ནས་ཐ་མག་རྐང་གཅིག་ལ་མེ་སྒྲོན་ཏེ་ཕྱིར་དྲན་གྱི་རྒྱུན་མཐུད། 

བཀྲ་ཤིས་སྐྱབས་ཀྱིས་མུ་མཐུད་དུ“རང་དོན་འབའ་ཞིག་ཟེར་ན་ཐལ་ཆེ་སོང་མོད། གཙོ་བོ་སྒོར་མོའི་དོན་དང་སྙན་གྲགས་ཀྱི་དོན་དུ་ནམ་ཡང་ཐབས་བརྒྱ་ཇུས་སྟོང་གིས་མི་ཁོམ་པའི་ལུས་བླངས་ཏེ། དགེ་རྒན་ཚོ་རང་རང་ས་ནས་ད་དུང་འགན་ཁུར་ཅི་ཞིག་མ་འགྲུབ་པའི་སེམས་ངལ་གྱི་ཁུར་བོས་མནན་ཏེ་འཁང་སེམས་སྐྱེས་བཞིན་འདུག་པ་འདྲ། གོང་རིམ་གྱི་ལས་གཞི་ཞིག་ཨེ་རག་ལ་མིག་རིག་རིག་དང་སྒྱིད་པ་ཞ་ཞ་བྱས་ཏེ་ཡར་མར་ལ་འབྲེལ་གཏུག་དང་རིག་པ་བསྒྲིམས་ནས་དོ་སྣང་བྱེད། གལ་ཏེ་ལས་གཞི་ལག་ཏུ་ཡོང་བ་ན། དགེ་རྒན་རང་གིས་ཁ་ཕྱོགས་སྤྱི་བམ་ལ་རྒྱུས་ལོན་ཙམ་བྱེད་པ་ལས་ཞིབ་ཏུ་རྩད་གཅོད་དང་ལག་ལེན་གསེར་གྱི་ཐིགས་པའི་རྒྱུ་མ་ཕུ་ཡིས་མི་འདེད་པར་སློབ་མ་རྣམས་ལ་ལས་བྱ་དང་ལས་བྱ་མ་ཡིན་པའི་འགན་འཁུར་དུ་འཇོག ཁེ་སྤོགས་ཁོ་ན་ཐོབ་པ་དོན་དུ་གཉེར་བ་དང་འདྲ་བར་ལས་གཞི་དེ་ཅི་བདེ་བདེས་འགྲུབ་ཐབས་བྱེད། སྤྱིར་ཡིན་ན་སློབ་ཆེན་གྱི་དགེ་རྒན་རྣམ་པས་རྒྱལ་ཁབ་ཕྱི་ནང་དང་གནའ་དེང་དཔྱོད་ཤེས་ཀྱི་རིག་པའི་དགོངས་བཅུད་དག་བརྒྱུད་བསྒྲགས་དང་དེ་ལ་ཞིབ་འཇུག་བྱེད་པའི་ཐབས་ལམ་ཁྲིད་སྟོན་མཛད་དགོས་པ་རེད་མོད། ཡིན་ན་ཡང་སློབ་ཆེན་གྱི་དགེ་རྒན་ཁ་ཤས་ཀྱིས་རང་ལྟ་མཆོག་འཛིན་གྱིས་སུ་ཡང་ཁས་ལེན་མི་བྱེད་པ། རང་ཉིད་ཀྱི་ཆེ་བ་ཤུགས་སུ་བརྗོད་པ་གཙོ་བོར་འཛིན་པ། ལྷག་པར་དུ་སློབ་མའི་དཔྱོད་མིག་ལ་དམའ་འབེབས་ཀྱི་སྐད་ཆ་ཟུར་ནས་བཤད་པ་དང་སློབ་མའི་རིག་རྟོག་འབུར་འཇོམས་ཀྱི་ཚིག་མདེའུ་ནི་མདའ་མོ་གཅིག་གིས་ཤེའུ་གཉིས་གསོད་པ་ལྟ་བུའི་མཐེབ་རྩལ་བཀོལ་བ། སློབ་མའི་འཇོན་ཐང་རྩིས་མེད་དུ་བཏང་སྟེ་ནམ་ཡང་དམན་སར་བཞག་སྟེ་བསྐལ་བས་མི་ཁྱོགས་པའི་ལུང་ཚིག་ལྗིད་མོ་ཞིག་གིས་རྒྱབ་རྟེན་བྱས་ཏེ་ཤུབས་ནང་དུ་འཛུལ་མཁན་ཡང་ཡོད། དེ་ལྟར་དགེ་རྒན་ཆེན་མོའི་མིང་འཛིན་པ་ཁ་ཤས་ཀྱིས་མི་རིགས་སློབ་གསོའི་ལས་དོན་ལ་འབྲུག་འུར་སྒྲ་ཆེ་རུང་སྟོང་སྒྲ་དང་འཇའ་ཁ་དོག་ཡག་ཀྱང་སྣང་བ་ཞེས་པའི་སྐྱེས་པ་བཞེས་འདུག སང་ཉིན་ཁྱོད་སོང་ནས་གྲོང་ཁྱེར་རིག་གནས་ཀྱི་མཁའ་དབུགས་གསར་བ་རྔུབ་དང་མིག་རྒྱང་གསར་བ་དང་སེམས་རྒྱ་བསྐྱེད་འོངས” ཞེས་བཤད་པ་དང་ཡང་བསྐྱར་ཇ་ལ་ཧུབ་གཅིག་བཏབས། སྐབས་དེར་ཁང་ཁྱིམ་ལས་ལྕགས་ཐབ་ཀྱི་མེ་འབར་བའི་ཚག་ཚག་གི་སྒྲ་དང་སྒྲའི་རྒྱུར་གྱུར་པའི་བརྙན་འཕྲིན་གྱི་འཆར་སྒོ་ལས་ཤར་བའི་དབང་བོས་མ་ཟིན་པའི་འབྱུང་བ་ལས་གྱུར་པའི་དཀར་དམར་སེར་གསུམ་གྱི་ཁ་དོག་སྣ་ཚོགས་བརྗེ་བསྒྱུར་གྱི་སྒྲ་དེ་གཉིས་ཁོ་ན་གྲགས་པ་ལས། ཁང་ཁྱིམ་ནང་ཡོངས་སུ་དབེན་འཇགས་དང་ཁུ་སིམ་མེར་གནས། 

ཀ་བུ་རྡོ་རྗེ་ཡི་ཡིད་ལའང་མ་དྲན་པའི་དོན་དངོས་ཀྱི་གནས་ཚུལ་འདི་ལས་ཁོ་ལ་རང་དབང་མེད་པར་དབུགས་རིང་ཞིག་ཤོར་བ་དང་། གཉིད་མ་ཡོང་བའི་འདང་རྒྱག་གི་ཁྲོད་དུ་དྲན་པ་རང་དབང་ན་མེད་པར་མལ་ཐུལ་ལས་གློ་བུར་དུ་འགྱུ་ལོག་ཅིག་བརྒྱབ་པ་དང་ཡང་བསྐྱར་ཐ་མག་རྐང་གཅིག་ཞེ་སྡང་གིས་འཐེན་འདོད་སྐྱེས། ཁོས་སྔས་འགྲམ་དུ་ལག་སྙོབ་བྱས་ཏེ་ཐ་མག་སྒམ་ཆུང་བཙལ་བ་ན་ད་ལྟ་ཐ་མག་ཀྱང་ཆེས་མཇུག་གི་རྐང་གཅིག་ལས་ལྷག་མི་འདུག་པས་རྐང་གཅིག་པོ་དེ་མཛུབ་བར་དུ་བླངས་ཏེ་མེ་བསྒོས་ཀྱང་སེམས་སུ་ད་གོང་ནས་བཤད་པའི་དགེ་རྒན་ཆེན་མོ་ཁ་ཅིག་གི་གནས་སྟངས་དེའི་ངོ་གདོང་དྲན་པས་དེ་མ་ཐག་ཐ་མག་རྔུབ་རྒྱུའང་བརྗེད་དེ་མེ་ཆ་འབར་བའི་སྒྲ་དི་རི་རི་གྲགས་ཀྱིན་འདུག

ཀ་བུ་རྡོ་རྗེའི་རྨི་ལམ་ནང་གི་ཡིད་དུ་འོང་བའི་འཇའ་ཚོན་དེ་འཚོ་བའི་ནང་གི་ཞེ་མེར་བའི་བསྡུས་གཟུགས་སུ་གྱུར་པ་དང་། ཡང་ན་འཚོ་བའི་ནང་གི་སྐྱུག་བྲོ་བའི་སྣང་བརྙན་དག་རྨི་ལམ་ནང་གི་ངོ་མཚར་བའི་ཞིང་ཁམས་སུ་གྱུར་པའི་སེམས་པ་གཅིག་ལ་སེམས་བྱུང་གི་འགྱུར་བ་གཉིས་སུ་གྱུར་པའི་ཟང་ཟིང་གི་འདུ་སྣང་ལས་སྟོན་ཟླ་དགུ་བ་ནི་ཕྱི་སྨིན་པ་དང་ནང་མ་སྨིན་པའི་སིལ་ཏོག་ཅིག་དང་འདྲ་བར་སྐྱུར་དྲིས་ཁྱབ་སོང་། 

མཐར་བཀྲ་ཤིས་སྐྱབས་ཀྱིས་ཁོ་རང་འགྲོ་ཁར་བསྐྱལ་མ་བྱེད་ཞོར་དུ་བཤད་པའི་སྐད་ཆ་དེ་ལ་རང་ཤུགས་ཀྱིས་ཕྱིར་དྲན་བྱེད་པའི་འཕྲོ་མཐུད། 

“ད་ལྟ་ས་རུབ་ནས་ཡུན་རིང་འགོར་སོང་བས་ང་ཡང་མི་འདུག་ཡུལ་དུ་ལོག་རྒྱུ་ཡིན།”ཞེས་བཤད་དེ། ཀ་བུ་རྡོ་རྗེ་ཁང་ཁྱིམ་གྱི་སྒོར་བུད་དེ་འགྲོ་གྲབས་བྱེད་པའི་སྐབས་དེར། བཀྲ་ཤིས་སྐྱབས་ཀྱིས་སྐྱེལ་མ་བྱེད་ཞོར་དུ“ཡིན་ན་ཡང་སློབ་ཆེན་དུ་སོང་ན་སློབ་སྦྱོང་གི་ཁོར་ཡུག་ཧ་ཅང་ཡག་ཐག་ཆོད་པོ་རེད། མི་རང་གི་སྙིང་རུས་ལ་ཕམ་རྒྱུ་མེད་ན་དཔེ་ཆ་སྣ་མང་ལྟ་ཐུབ་པ་དང་དཔེ་ཀློག་བྱེད་སའི་དཔེ་མཛོད་ཁང་གི་ཆ་རྐྱེན་ཡང་ཧ་ཅང་ཡིད་ཚིམས་པོ་འདུག ད་དུང་སློབ་ཆེན་དུ་ཆེད་མཁས་པ་མང་བོ་ཕེབས་ཏེ་རིག་གཞུང་འཆད་ཁྲིད་རྒྱུན་ཆད་རྒྱུ་མེད་པས་ང་ཚོས་རང་ཡུལ་ནས་དཔེ་ཆ་རྐྱང་ཀློག་བྱེད་པ་ལས་མངོན་གསལ་དུ་ཕན་འབྲས་ཡག་ཐག་ཆོད་པོ་རེད”ཟེར་བའི་སྐད་ཆ་དེར་བསམ་བློ་གཏོང་བཞིན་མིག་མདུན་གྱི་ཟླ་དགུ་བ་ནི། དུས་ཚོད་ཀྱིས་དེད་ནས་འོང་བའི་ནམ་ཟླ་ཤིག་ཡིན་ལ་གསེར་མདོག་ཏུ་གྱུར་པའི་ཐིག་ལེ་ཞིག་དང་དམར་མདངས་ཆགས་པའི་ལོ་མ་ཞིག་ཡིན་པའི་འབྲས་ལྡན་སྟོན་ཁ་མ་ཡིན་པའི་ངེས་པའང་ཅི་ལ་ཡོད། ཟླ་དགུ་བར་སྡོང་རྒན་གཅིག་གི་སྟེང་ནས་དོ་མཉམ་མ་ཡིན་པའི་ལོ་མ་རང་རང་བ་ལ་འབྲས་བུ་སོ་སོ་བ་ཞིག་སྨིན་ངེས་པ་ཇི་འདྲའི་ངོ་མཚར་ཆེ་ཨང་། ཀ་བུ་རྡོ་རྗེ་ཡིས་མཛེས་སྡུག་འོད་སྟོང་གིས་འཚེར་བའི་སྟོན་གྱི་ཡུལ་ལྗོངས་ལ་ཞིབ་མཇལ་བྱེད་འདོད་དང་རྫོགས་ལྡན་བཅུད་ཀྱིས་ཁེངས་པའི་དུས་ཀྱི་འབྲས་བུ་ལ་ཞིབ་ཉན་བྱེད་འདོད་ཀྱི་ས་བོན་སྔོན་པོ་ཞིག་སྙིང་ལ་ཉར་ནས་དབྱར་དགུན་གྱི་ཚ་གྲང་མང་བོ་བརྒྱུད་དེ་ཕ་རོལ་ཏུ་བརྒལ་འདོད། 

ཡང་ཕྱོགས་གཞན་ཞིག་ནས་བཀྲ་ཤིས་སྐྱབས་ཀྱི་ཁ་བརྡ་ལས་གཞི་རིམ་དགེ་རྒན་དཀྱུས་མ་ཞིག་གིས་རིག་གནས་ལ་བཟུང་བའི་རྣམ་འགྱུར་དང་ཁོ་ཚོས་སློབ་གསོ་ལ་བཅངས་པའི་འདུན་པ། མི་རབས་ཕྱི་མར་བཟུང་བའི་ལྟ་ཚུལ། སློབ་ཕྲུག་ཚོའི་ཆེད་དུ་གཞན་དོན་གྱི་ཁུར་བོ་རྒྱན་དུ་བརྩི་བའི་བརྩོན་འགྲུས་དང་ལྷག་བསམ་བཅས་ལ་བསམ་བློ་རྣལ་དུ་བཏང་ནས་སྟོན་ཟླ་དགུ་བ་ནི་ཕྱི་མ་སྨིན་ན་ཡང་ནང་སྨིན་པའི་ཞིམ་མངར་གྱི་བྲོ་བ་ཞིག་ལ་སེམས་པ་གླན། ཞོར་དུ་དགེ་རྒན་ཆེན་མོ་ཞེས་པའི་སྙན་པའི་གྲགས་པ་རླུང་ལ་ཁྱབ་པའི་འདྲ་ཆགས་པའི་ལྟག་རྒྱབ་ན་ཤུབས་ནང་གི་མིས་གདོང་འབག་མཐུག་པོ་གྱོན་འདུག་པའི་ཟློས་གར་དེ་བསམ་ནས། ལྗང་མདོག་གི་ས་གཞི་ལ་བཏབས་པའི་ཟླ་དགུ་བའི་འཁྱགས་པ་དང་བ་མོ་དེའི་གདུག་རྩུབ་ལའང་འཁང་ར་བྱེད་དགོས་སོང་། ཡང་ན་རིག་གནས་ཤེས་བྱ་ཟེར་བ་འདི་ནི་བསླབ་ཀྱིན་བསླབ་ཀྱིན་མཐར་ཅི་ཞིག་བྱེད་སྤྱད་ཡིན་ནམ་ཞེས་པའི་ལྡོག་འདྲི་ཞིག་གིས་སྙིང་གི་གཏིང་དུ་ཟླ་དགུ་བ་ལྗིད་ཀྱིས་བབས་ཏེ་གན་རྐྱལ་དུ་ཉལ་བའི་ལུས་ཕུང་ཡོངས་ལ་རང་དབང་མེད་པར་འཕག་འཚག་གི་བརྡབ་གསིག་ཅིག་བརྒྱབ། ལུས་ཀྱི་འཕག་འཚག་ལས་ཀ་བུ་རྡོ་རྗེ་ཡི་དུ་སྣེའི་ཐལ་རྡུལ་དེ་མིག་ནང་དུ་འཚུབ། སྐབས་དེར་ཀ་བུ་རྡོ་རྗེས་ལག་གཡོན་པས་མིག་ལྕིབས་བཀབ་པ་དང་ལག་གཡས་པས་སྒྲོན་ཚར་བའི་དུ་རྐང་དེ་ཡིད་ཚོད་ཀྱིས་ཉལ་ཁྲིའི་ཟུར་ཕྱོགས་ཀྱི་ཐང་ལ་མར་གཡུག་པ་དང་། དལ་ལྷོད་རན་པའི་སོར་མོས་མིག་མཐའ་རུ་ཕུར་ཕུར་བྱས་ཏེ་མིག་ལྕིབས་རྡེབ་ནས་འབྱེད་ཙམ་འབྱེད་ཙམ་བྱས་པ་ན། ནམ་ཀྱང་ལངས་ཏེ་ཞོགས་པའི་སྐྱ་རེངས་ཀྱི་སྐྱ་མདའ་སྒེའུ་ཁུང་གི་དྲ་མ་བརྒྱུད་དེ་ཁང་ཁྱིམ་ཡོངས་སུ་གསལ་ཆིལ་ལེར་བཏང་འདུག ཀ་བུ་རྡོ་རྗེའི་མིག་འབྲས་གཉིས་ནི་བཏགས་ཁྱི་ཤོར་བ་ལྟར་ཁྱིམ་གྱི་གྲུ་ག་གང་སར་ཡར་རྒྱུག་མར་རྒྱུག་བྱེད་དུས། མིག་ནང་དུ་གཙུབས་པའི་དུ་རྡུལ་དེའང་གར་སོང་ཆ་མེད་དུ་གྱུར། 

འོ། ཁོ་རང་ཕྱིར་དྲན་གྱི་གཞན་དབང་དུ་ཤོར་བས་གནམ་ལངས་འདུག་པའང་མ་ཚོར། ད་ལྟ་གཞི་ནས་བརྒྱལ་བ་ལས་སད་པ་དང་འདྲ་བར་གློ་བུར་དུ་ཚོར་བྱུང་ལ་སྔས་འགྲམ་དུ་ཐ་མག་གི་ཐལ་རྡུལ་མང་བོ་ལྟ་བཟོད་མེད་པར་གང་སར་འཚུབ་འདུག་པའང་གསལ་བོར་མཐོང་བྱུང་། ཁོའི་སེམས་ནང་དུ་མི་མངོན་པའི་གནོན་ཤུགས་ཤིག་གིས་མར་མནན་འདུག་པའི་ཁུར་བོ་དེ་ད་ལྟ་མུན་པའི་ནག་ཆ་ཡོངས་སུ་ཡལ་བ་ལྟར་སྐད་ཅིག་སྐད་ཅིག་ལ་སྤྲོ་སྣང་གི་དགའ་བདེ་ཁེངས་ཤིང་། དེ་འཕྲལ་དུ་ཁོ་རང་བྲེལ་བྲེལ་འཚུབ་འཚུབ་ཏུ་མལ་ཁྲི་ལས་ཡར་ལངས་ཤིང་ཡ་ཁོག་ཧྲིལ་བོར་དབུགས་སྟོང་གི་རྒྱུ་བ་འཚང་བཞིན་སྙིང་གི་འདབ་མ་ཡར་བཀྱགས། དེ་ནས་ཀ་བུ་རྡོ་རྗེས་རྨི་ལམ་ནང་གི་མངོན་སུམ་གྱི་ཆ་དང་མངོན་སུམ་ཁྲོད་ཀྱི་རྨི་ལམ་ལ་ཉེ་བར་བཅར་བའི་ཟླ་དགུ་བའི་སྟོན་ཚིགས་ཀྱི་ཞོགས་པ་འཛུམ་གྱིས་བསུ་བཞིན་རྒྱང་རིང་དུ་ལམ་ལ་ཆས་གྲབས་བགྱིས།།


རྩོམ་ཡིག་སྔོན་མ།
ལོ་བརྒྱའི་གཟི་འོད།
རྩོམ་ཡིག་རྗེས་མ།
ཅི་བྱ་གཏོལ་མེད།

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1