འགྲུལ་བཞུད་ཀྱི་ལོ་ཟླ།

རྣམ་གླིང་རིན་ཆེན།(ལྷ་ས) རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 09-14


ང་ཚོའི་འཛིན་གྲྭར་ཆ་མཚོན་ན་ཁྱོན་སློབ་མ་དྲུག་ཅུ་རེ་བདུན་ཡོད། དེའི་ཁྲོད་གྲོང་ཁྱེར་གྱི་སློབ་མ་ཡོད་ལ། ང་རང་དང་ཆ་འདྲ་བའི་རོང་འབྲོག་ཁུལ་གྱི་སློབ་མའང་ཡོད། གྲོང་ཁྱེར་གྱི་སློབ་མ་རྣམས་རྒྱ་ཡིག་དང་དབྱིན་ཡིག་གི་སྦྱངས་འབྲས་ཅུང་ལེགས་པ་ཡིན་ལ། རོང་འབྲོག་ཁུལ་ནས་ཡོང་བའི་སློབ་མ་རྣམས་བོད་ཡིག་དང་རྩིས་རིག་གི་སྦྱངས་འབྲས་ཅུང་བཟང་བ་ཡིན། འཛིན་བདག་དགེ་རྒན་གྱིས་ངེད་འཛིན་གྲྭའི་སློབ་མ་ཚོའི་སློབ་སྦྱོང་གི་སྦྱངས་འབྲས་ལ་གཞིགས་ཏེ་གྲོང་ཁྱེར་གྱི་སློབ་མ་དང་རོང་འབྲོག་ཁུལ་གྱི་སློབ་མ་རྣམས་འདུག་གནས་སྤེལ་ཏེ་ཕན་ཚུན་བར་གྱི་ལེགས་ཆ་མཉམ་ལེན་བྱས་ནས་གཅིག་རྟེན་གཅིག་རོགས་ཀྱིས་ཕན་ཚུན་བར་སློབ་སྦྱོང་བྱེད་དུ་བཅུག་པས། མི་རིང་བར་ང་ཚོའི་འཛིན་གྲྭ་སྤྱི་ཡོངས་ཀྱི་སློབ་མའི་སྦྱངས་འབྲས་མངོན་གསལ་དོད་པོས་ཇེ་བཟང་དུ་སོང་སྟེ་མཐོ་རྒྱུགས་ཀྱི་ཡིག་ཚད་སྐབས་ངེད་འཛིན་གྲྭའི་སློབ་མ་ཕལ་ཆེ་བ་སློབ་ཆེན་དངོས་གཞི་ཚན་ཁག་ཏུ་ཡིག་རྒྱུགས་འཕྲོད་ཐུབ་པ་བྱུང་། ང་རང་ཉིད་ཀྱང་གཡུར་དུ་ཟ་བའི་སྦྱངས་འབྲས་ཀྱི་ཐོག་ནས་ནུབ་བྱང་མི་རིགས་སློབ་གྲྭ་ཆེན་མོའི་བོད་ཡིག་སྡེ་ཁག་ཏུ་ཡིག་རྒྱུགས་འཕྲོད་ཐུབ་པ་བྱུང་། དེ་ནི་ང་ལ་མཚོན་ན་ཆེས་དགའ་འོས་པའི་གྲུབ་འབྲས་ཤིག་ཡིན་པ་གདོན་མི་ཟ། རྒྱུ་མཚན་ནི་ཆུང་ངུའི་དུས་ནས་བཟུང་ང་རང་བོད་ཀྱི་རིག་གནས་ཁག་ལ་སྦྱངས་བརྩོན་བྱ་རྒྱུར་ཆེས་དགའ་བས། ད་ཐེངས་བོད་ཁུལ་དུ་སྐད་གྲགས་ངེས་ཅན་ཡོད་པའི་ནུབ་བྱང་མི་རིགས་སློབ་ཆེན་གྱི་བོད་ཡིག་ཚན་ཁག་ཏུ་ཡིག་རྒྱུགས་འཕྲོད་པས། ངས་མུ་མཐུད་དེ་བོད་ཀྱི་རིག་གནས་ཁག་ལ་སློབ་སྦྱོང་བྱ་བའི་གོ་སྐབས་ཐོབ་པས་རེད། ཉིན་དེའི་ཞོགས་པར་ཕུ་ནུ་མིང་སྲིང་ཚོའི་ལྦུ་ཆང་གི་སྐྱེལ་མའི་ཁྲོད་ང་རང་དེ་ལྟར་ལམ་ལ་ཆས། 

མེ་འཁོར་གྱི་དུང་བརྡ་གྲགས་བྱུང་། གལ་ཏེ་ང་རང་ནུབ་བྱང་མི་རིགས་སློབ་གྲྭ་ཆེན་མོར་ཡིག་རྒྱུགས་འཕྲོད་མེད་ཚེ། ཕལ་ཆེར་མི་ཚེ་འདིར་མེ་འཁོར་ལ་འདུག་ཐུབ་རྒྱུ་ནི་སྟོང་བསམ་ཞིག་ཀྱང་ཡིན་ལས་ཆེ། ཁྱེད་རང་ནུབ་བྱང་མི་རིགས་སློབ་གྲྭ་ཆེན་མོ་དང་སློབ་གྲྭ་དེ་གནས་སའི་ལན་ཇུ་གྲོང་ཁྱེར་དུ་ཕེབས་མྱོང་བའི་མི་ཞིག་ཡིན་ཚེ། གནས་དེའི་ཕྱི་སྣོད་ཀྱི་བཀོད་པ་དག་མིག་ལམ་དུ་འཆར་ཐེངས་རེར། ཁྱེད་ཀྱིས་དེ་མ་ཉིད་དུ་བོད་ཀྱི་མཁས་དབང་ཚེ་བརྟན་ཞབས་དྲུང་མཆོག་གིས་བརྩམས་པའི《གནས་བསྟོད་དབྱངས་ཅན་སྒེག་མོའི་གླུ་དབྱངས》ཞེས་པའི་སྙན་རྩོམ་དེ་ཡིད་ལ་དྲན་ངེས་ཡིན། ངོ་མ་རེད། ནུབ་བྱང་མི་རིགས་སློབ་ཆེན་གྱི་སློབ་གྲྭའི་ཁོར་ཡུག་ཧ་ཅང་མཛེས་ཏེ། དེའི་ནང་སྣ་མང་ཕུན་སུམ་ཚོགས་པའི་མེ་ཏོག་གི་ལྡུམ་ར་དང་། ལྗང་ཐིང་ངེར་གནས་པའི་སྤང་ལྗོངས། མི་རིགས་དུ་མ་ལས་གྲུབ་པའི་སློབ་གྲྭའི་དགེ་སློབ། རིགས་མི་གཅིག་པའི་ཆེད་ལས་ཀྱི་སློབ་གླིང་། ད་དུང་མདོ་དབུས་ཁམས་གསུམ་ནས་སློབ་མའི་ཚོགས་པ་སོགས་ཕར་ལ་བལྟས་པ་ཙམ་གྱིས་སློབ་གྲྭ་དེའི་དགེ་རྒན་གྱི་ཡོན་ཚད་དང་། སློབ་མའི་སྤུས་ཚད་སོགས་ཇི་འདྲ་ཡིན་པ་རང་བཞིན་གྱིས་ཤེས་ཐུབ། 

སློབ་གྲྭའི་དཔེ་མཛོད་ཁང་དེར་ཐོག་བརྩེགས་བཅུ་ལྷག་ཡོད་ཅིང་། དཔེ་མཛོད་ཁང་གི་ནང་དུ་འདུག་གནས་རེག་དགོས་ཚེ་ཞོགས་པ་ཆུ་ཚོད་དྲུག་པ་ཙམ་ནས་མལ་ལས་ལངས་ཏེ་དཔེ་མཛོད་ཁང་དུ་སོང་ནས་འདུག་ས་འཚོལ་དགོས། དེ་མ་གཏོགས་ཁྱོད་ལ་དཔེ་ཆ་ལྟ་ཀློག་བྱེད་པའི་འདུག་གནས་རྙེད་དཀའ། དཔེ་མཛོད་ཁང་གི་ཐོག་བརྩེགས་བཞི་བ་ནི་འབྲེལ་ཡོད་བོད་ཀྱི་རིག་གནས་སྐོར་གྱི་དཔེ་ཆ་ལྟ་ཀློག་བྱ་ཡུལ་ཡིན་པས། ང་རང་གི་ངོས་ནས་མཚོན་ན་སློབ་ཆེན་ལོ་ངོ་བཞི་ཡི་རིང་ཕལ་ཆེ་བ་གནས་དེར་སོང་ནས་དཔེ་ཆ་ལྟ་ཀློག་བྱེད་པ་དང་། དཔྱད་རྩོམ་གྱི་རྒྱུ་ཆ་འཚོལ་སྡུད་བྱེད་པ། སྙན་ངག་དང་བརྩམས་སྒྲུང་ནས་གཙོས་པའི་རྩོམ་ཡིག་ཐར་ཐོར་འབྲི་བཞིན་ཡོད་པ་དང་། མཚམས་རེ་ཐོག་བརྩེགས་གཉིས་པའི་འབྲེལ་ཡོད་རྒྱལ་ཕྱི་རྒྱལ་ནང་གི་རྩོམ་རིག་གི་གཞུང་ལུགས་དང་། རྩོམ་པ་བོ་གྲགས་ཅན་ཚོའི་དཔེ་ཆ་ལྟ་ཀློག་ཁང་ནང་དཔེ་ཀློག་བྱས་ནས་སྡོད་ཀྱིན་ཡོད། 

ད་ནི་གཟའ་མཇུག་ལ་ཐོན་པས། ངས་ཀྱང་བོད་ཀྱི་སྐད་ཡིག་སློབ་གླིང་གི་སློབ་མའི་ཚོགས་པས་གཙོ་སྒྲུབ་བྱས་པའི་བོད་ཀྱི་སྐོར་བྲོ་ལ་ལྟད་མོར་རོལ་ཆོག་པ་དང་། ཁོ་ཚོ་དང་ལྷན་དུ་སྐོར་བྲོ་སྦྱངས་ཏེ་གཟའ་འཁོར་གཅིག་གི་སློབ་སྦྱོང་གི་ངལ་དུབ་དང་གནོན་ཤུགས་མཐའ་དག་ཕ་མཐར་སྤྱུགས་ནས་སེམས་བག་ལྷོད་དང་བཅས་སྐོར་བྲོ་འཁྲབ་ཆོག སྐབས་དེ་དུས་ཀྱི་སྐོར་བྲོའི་སྟངས་སྟབས་རེ་རེ་དང་། དབྱངས་རྟ་རེ་རེ་དུས་ད་ཆའང་ངའི་ཡིད་ངོར་ཝ་ལེར་དྲན་གྱིན་འདུག ང་ཚོས་ལག་རྡང་སྦྲེལ་ནས། དཔུང་བ་དང་དཔུང་བ་གཤིབ་ནས་མཚོ་ལྷོའི་སྐོར་བྲོ་དང་། ཡུན་ནན་གྱི་འབའ་གཞས། ནག་ཆུའི་སྒོར་གཞས་སོགས་འཁྲབ་སྟེ་སེམས་ཀྱི་མདུད་པ་གཅིག་ཏུ་བསྒྲིལ་ནས་སློབ་གསེང་གི་འཚོ་བ་དེ་དགའ་སྐྱིད་ལྡན་པའི་ངང་ཕར་ལ་སྐྱེལ་བཞིན་ཡོད། 

སློབ་ཆེན་གྱི་སྐབས་སུ་ང་ཚོའི་འཛིན་གྲྭར་མདོ་དབུས་ཁམས་གསུམ་ནས་འོང་བའི་སློབ་མ་དྲུག་ཅུ་ལྷག་འདུས་ཡོད། ང་ཚོའི་འཛིན་བདག་ནས་གཙོས་པའི་དགེ་རྒན་མང་དག་ཅིག་ནི་མདོ་སྨད་ཨ་མདོའི་ཁུལ་ཏེ། ཕལ་ཆེ་བའི་ཕ་ཡུལ་མཚོ་སྔོན་དང་ཀན་ལྷོ་ཁུལ་ནས་ཡིན། དང་ཐོག་སློབ་ཁྲིད་ཀྱི་སྐབས་སུ་ང་ཚོ་དབུས་གཙང་གི་སློབ་མ་ཚོས་ཨ་མདོའི་ཡུལ་སྐད་གོ་དཀའ་བའི་དཀའ་ངལ་སྣ་ཚོགས་འཕྲད་མྱོང་། འོན་ཀྱང་། ཡུལ་སྐད་གཞན་པར་སློབ་སྦྱོང་བྱ་རྒྱུ་དེའང་གལ་འགངས་ཆེ་བ་ཞིག་ཡིན་ཏེ། གཅིག་ནས་བཤད་ན་ཨ་མདོའི་ཡུལ་སྐད་ནས་གཙོས་པའི་བོད་ཁུལ་གྱི་ཡུལ་སྐད་ཆེན་པོ་གསུམ་ལ་ནང་བྱན་ཆུད་ན་ཡུལ་དེ་གའི་མང་ཚོགས་ཀྱི་རྒྱུན་གཏན་གྱི་འཚོ་བའི་གོམས་སྲོལ་དང་དམངས་སྲོལ་རིག་གནས་སོགས་ལ་རྒྱུས་ལོན་དང་ཞིབ་འཇུག་བྱ་རྒྱུར་ཕན་ནུས་ངེས་ཅན་ཐོན་སྲིད་ཅིང་། གཉིས་ནས་བཤད་ན་ཨ་མདོའི་ཡུལ་སྐད་དེའང་རང་ཅག་བོད་མི་རིགས་ཀྱི་ཐུན་མོང་མ་ཡིན་པའི་སྐད་རིགས་ཤིག་ཏུ་གྲུབ་པས། བོད་ཀྱི་རིག་གནས་ལ་སྦྱངས་བརྩོན་བྱེད་མཁན་གྱི་སློབ་གཉེར་བ་ང་ཚོ་ལྟ་བུར་མཚོན་ན་དེ་དག་ལ་སློབ་སྦྱོང་བྱ་རྒྱུ་ནི་ང་ཚོའི་གདམ་ཀ་ཞིག་ཏུ་གྲུབ་ཟིན་པས། ང་ཚོས་ཀྱང་རྒྱུན་གཏན་སློབ་ཁྲིད་ཐོག་དགེ་རྒན་ཚོའི་བཀའ་མོལ་ལ་ནན་གྱིས་ཉན་ཞིང་། མལ་ཁང་དུ་ཨ་མདོའི་སློབ་མ་དང་ལྷན་དུ་འབྲེལ་འདྲིས་མང་བོ་བྱས་ཏེ་ཁོ་ཚོའི་གམ་ནས་ཨ་མདོའི་སྐད་སྦྱོང་བ་དང་། རང་རང་གིས་ཀྱང་ཅུང་ཟད་ཤེས་པའི་ཨ་མདོའི་སྐད་དག་སློབ་སྦྱོང་དང་འཚོ་བ་དངོས་ཀྱི་ཐོག་ཏུ་བཀོལ་སྤྱོད་བྱས་མཐར། ལོ་གཅིག་ཙམ་ལས་མ་འགོར་བར་ང་ཚོས་ཨ་མདོའི་སྐད་བརྒྱ་ཆ་དགུ་བཅུ་ཡན་གོ་ཐུབ་པར་གྱུར། དེ་ནི་བོད་སྐད་ཡིག་གི་ཆེད་ལས་ཡིན་པའི་སློབ་བུ་ང་རང་ལ་ཆ་མཚོན་ན་གཡུར་དུ་ཟ་བའི་གྲུབ་འབྲས་ཤིག་ཏུ་བརྩི་བཞིན་ཡོད། 

དུས་རྒྱུན་དབྱར་གསེང་དང་དགུན་གསེང་སྐབས་ང་དང་ཁྱིམ་མི་ཚོ་ལྷན་དུ་རུབ་ནས་མཚོ་སྔོན་གྱི་བརྙན་འཕྲིན་ལ་ལྟད་མོར་རོལ་དུས་ངས་རང་གི་ཤེས་པའི་ཨ་མདོའི་སྐད་དེ་ཁོ་ཚོར་བརྗོད་དུས། ཨ་ཕས་ང་ཡི་མགོ་ལ་བྱིལ་བྱིལ་གཏོང་ཞོར་ཧ་ལས་ཧང་སང་གི་སྤྱན་ཟུང་གིས་ང་ལ་གཟིགས་བཞིན་འདུག གལ་ཏེ་སྐྱེས་པ་ནས་ད་བར་དུ་ང་ལ་ཤིན་ཏུ་ནས་དྲན་གསོའི་བྱ་འོས་པའི་དོན་དག་མང་དག་ཅིག་ཡོད་ཀྱང་། དེ་དག་གི་ཁྲོད་ཆེས་མཚར་ཞིང་སྡུག་པའི་དྲན་གསོ་དུས་སྐབས་ནི་སློབ་ཆེན་གྱི་དུས་སྐབས་དེ་རེད། སློབ་གྲོགས་ཚོ་དང་ལྷན་དུ་སེམས་དང་སེམས་འདྲེས་ནས་ལྷན་འདུག་ལྷན་གཤིབ་ཀྱི་དྭངས་གཙང་གི་གྲོགས་པོའི་བརྩེ་དུང་དང་། སྤྱི་ཚོགས་ཀྱི་འཚོ་བའི་གནོན་ཤུགས་མ་ཞུགས་པའི་བདེ་ཞིང་སྐྱིད་པའི་རང་དབང་བབ་ཆགས་ཀྱི་འཚོ་བ། དགེ་སློབ་དུ་མ་དང་ལྷན་དུ་ཤེས་བྱའི་དོ་ར་ཡངས་མོར་སེམས་པ་ལྷོད་པོའི་ངང་ཤེས་བྱའི་རྐྱལ་རྩལ་ངོམས་པའི་དུས་སྐབས་སོགས་ནི་ངོ་མ་ཤིན་ཏུ་ནས་དྲན་གསོ་འོས་པའི་དུས་སྐབས་ཤིག་རེད་ཨང་། 

སློབ་གྲྭ་དེའི་ཁུགས་སོ་རེ་རེ་ན་ང་ཚོའི་ཕུགས་འདུན་གྱིས་ཕྱུག་པའི་རེ་སྙེག་གི་གོམ་རྗེས་རེ་རེ་ཡོད་ཅིང་། སྐྱེད་མོས་ཚལ་གྱི་ལྡུམ་ར་རེ་རེའི་ནང་ང་ཚོའི་རེ་བ་གསར་བའི་དབྱངས་རྟ་རེ་རེ་ལུས་ཡོད། ད་དུང་། དཔེ་མཛོད་ཁང་གི་རྐུབ་སྟེགས་རེ་རེ་དང་། ཟ་ཁང་གི་བར་འཁྱམས་རེ་རེ་ན་ང་ཚོའི་སློབ་མ་ཁྱུ་ཞིག་གི་དྲན་གདུང་གི་མཆི་མའི་ཐིགས་ཕྲེང་རེ་རེ་བཤུལ་དུ་ལུས་ཡོད་པ་མ་རེད་དམ། 

ལོ་དེའི་དབྱར་ཁར། ང་ཚོ་དེ་ལྟར་རང་རང་གི་ཕུགས་འདུན་གྱི་སླད་དུ་སོ་སོར་གྱེས། བརྗེད་དཀའ་ཞིང་དྲན་སྐྱེན་པའི་བརྩེ་བ་རེ་རེ་དང་། ཆ་རྒྱུས་ཆེ་ལ་ནམ་ཡང་བསུབ་དཀའ་བའི་ངོ་གདོང་རེ་རེ། ང་ཚོ་དེ་ལྟར་རང་རང་གི་ལམ་དུ་བསྐྱོད། ང་ཚོ་དེ་ལྟར་ལྷན་དུ་འཛོམས་པ་ལས་དབང་རེད་ལ། གྱེས་དགོས་པ་དེའང་རང་རང་གི་མི་ཚེའི་བགོ་སྐལ་རང་རེད། ང་ཚོ་དེ་ལྟར་གྱེས་རྗེས། དུས་ནམ་ཞིག་ལྷན་དུ་འཛོམས་མིན་སུས་ཀྱང་འཆད་དཀའ། ངས་ནམ་ཡང་སློབ་གཉེར་གྱི་བཤུལ་ལམ་རིང་མོ་དེའི་ཐོག་འཕྲད་པའི་དགེ་རྒན་རྣམས་དང་། སློབ་གྲོགས་རྣམ་པར་ནམ་ཡང་བཀའ་དྲིན་གྱི་བསམ་པ་བཅངས་ཡོད། (མུ་འགོད)


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1