ཀྲུང་གུང་ཀྲུང་དབྱང་གཞུང་དོན་ཐིང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཐིང་གིས།《སྐྱེ་ཁམས་སྲུང་སྐྱོང་གི་ཁ་གསབ་ལམ་ལུགས་ སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་རྒྱུའི་སྐོར་གྱི་བསམ་འཆར》བཀྲམ་པ།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།མི་དམངས་དྲ་བ། སྤེལ་དུས། 09-15



 
     འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཀྲུང་དབྱང་བརྙན་འཕྲིན་ལས་ཁུངས་ཀྱི་གསར་འགྱུར་མཉམ་བསྒྲགས་ནས་ཟླ་9ཚེས་12ཉིན་གནས་ཚུལ་སྤེལ་བར་གཞིགས་ན། ཉེ་ཆར། ཀྲུང་གུང་ཀྲུང་དབྱང་གཞུང་དོན་ཐིང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཐིང་གིས《སྐྱེ་ཁམས་སྲུང་སྐྱོང་གི་ཁ་གསབ་ལམ་ལུགས་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་རྒྱུའི་སྐོར་གྱི་བསམ་འཆར》བཀྲམ་པ་དང་འབྲེལ། བརྡ་ཐོ་བཏང་ནས་ས་ཁུལ་ཁག་དང་སྡེ་ཚན་ཁག་གིས་དོན་དངོས་དང་ཟུང་འབྲེལ་བྱས་ཏེ་ལག་བསྟར་དོན་འཁྱོལ་ནན་ཏན་བྱེད་དགོས་པའི་བླང་བྱ་བཏོན་པ་རེད།
     བསམ་འཆར་ནང་བསྟན་དོན། སྐྱེ་ཁམས་ཤེས་དཔལ་ལམ་ལུགས་ཀྱི་གྲུབ་ཆ་གལ་ཆེན་ཞིག་ཡིན་པའི་སྐྱེ་ཁམས་སྲུང་སྐྱོང་གི་ཁ་གསབ་ལམ་ལུགས་ནི། སྐྱེ་ཁམས་སྲུང་སྐྱོང་གི་དབང་ཆ་དང་འགན་འཁྲི་དོན་འཁྱོལ་བྱེད་པ་དང་། ཕྱོགས་ཁག་སྐྱེ་ཁམས་སྲུང་སྐྱོང་ནང་ཞུགས་པའི་ཧུར་བརྩོན་རང་བཞིན་སྐོང་འཐེན་བྱེད་པ། སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་ལ་སྐུལ་འདེད་གཏོང་བ་བཅས་ཀྱི་བྱེད་ཐབས་གལ་ཆེན་ཞིག་རེད། ནུས་ལྡན་གྱི་ཁྲོམ་ར་དང་མདུན་ལམ་ལྡན་པའི་སྲིད་གཞུང་དེ་བས་ལེགས་པའི་སྒོ་ནས་ཟུང་འབྲེལ་དང་། རིགས་དབྱེའི་ཁ་གསབ་དང་ཕྱོགས་བསྡུས་ཁ་གསབ་སྤྱི་འདོམས་དང་ཕྱོགས་ཡོངས་ལ་ལྟ་རྟོག གཞུང་རྒྱུད་ཀྱི་ཁ་གསབ་དང་འཕྲེད་རྒྱུད་ཀྱི་ཁ་གསབ་མཐུན་སྦྱོར་ངང་སྐུལ་འདེད་གཏོང་བ། སྐུལ་ལྕག་བྱེད་ཤུགས་ཆེ་རུ་དང་གཅུན་འདོམས་ནན་དུ་གཏོང་རྒྱུར་མཉམ་དུ་ཤུགས་སྣོན་བཅས་ཀྱི་སྐྱེ་ཁམས་སྲུང་སྐྱོང་གི་ཁ་གསབ་ལམ་ལུགས་མགྱོགས་མྱུར་འཐུས་སྒོ་ཚང་དུ་གཏོང་དགོས།
     བསམ་འཆར་ནང་བཏོན་པའི་སྒྱུར་བཅོས་ཀྱི་དམིགས་ཚད་ནི། 2025ལོར་སླེབས་སྐབས། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་གནས་ཚུལ་དང་འཚམ་པའི་སྐྱེ་ཁམས་སྲུང་སྐྱོང་གི་ཁ་གསབ་ལམ་ལུགས་གཞི་རྩའི་ཆ་ནས་འཐུས་སྒོ་ཚང་དུ་གཏོང་རྒྱུ་དང་། སྐྱེ་ཁམས་སྲུང་སྐྱོང་གི་མ་གནས་ཀྱི་གཞི་འཛིན་ས་གཙོ་བོར་བྱས་པའི་རིགས་དབྱེའི་ཁ་གསབ་ལམ་ལུགས་ཉིན་བཞིན་འཐུས་སྒོ་ཚང་དུ་གཏོང་བ་དང་། སྤྱི་པའི་ཞབས་ཞུའི་འགན་ལེན་ནུས་པ་ཆེ་རུ་གཏོང་རྒྱུ་གཞི་རྩའི་ཁ་ཕྱོགས་སུ་བྱེད་པའི་ཕྱོགས་བསྡུས་ཁ་གསབ་ལམ་ལུགས་རྒྱུན་ཆད་མེད་པར་འཐུས་སྒོ་ཚང་དུ་གཏོང་བ། ཕན་པ་ཐོབ་མཁན་གྱིས་དངུལ་སྤྲོད་པའི་རྩ་དོན་རྨང་གཞིར་བྱེད་པའི་ཁྲོམ་ར་ཅན་དང་སྣ་མང་ཅན་གྱི་ཁ་གསབ་རྣམ་པ་རགས་ཙམ་ཆགས་པ་བྱེད་པ། སྤྱི་ཚོགས་ཡོངས་སྐྱེ་ཁམས་སྲུང་སྐྱོང་ནང་ཞུགས་པའི་ཧུར་བརྩོན་རང་བཞིན་མངོན་གསལ་དོད་པོས་ཆེ་རུ་གཏོང་བ། སྐྱེ་ཁམས་སྲུང་སྐྱོང་མཁན་དང་ཕན་པ་ཐོབ་མཁན་དབར་མཉམ་འགུལ་བཟང་བའི་རྣམ་པ་གཞི་རྩའི་ཆ་ནས་ཆགས་པ་བྱེད་རྒྱུ་བཅས་རེད། 2035ལོར་སླེབས་སྐབས། དུས་རབས་གསར་པའི་སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་གི་བླང་བྱ་དང་འཚམ་པའི་སྐྱེ་ཁམས་སྲུང་སྐྱོང་གི་ཁ་གསབ་ལམ་ལུགས་སྤྱིར་ན་གཏན་འཁེལ་བྱ་རྒྱུ་རེད།
     བསམ་འཆར་ནང་སྐྱེ་ཁམས་ཁོར་ཡུག་གི་རྒྱུ་རྐྱེན་གཙོ་བོར་དམིགས་ཏེ་རིགས་དབྱེའི་ཁ་གསབ་ལམ་ལུགས་འཐུས་སྒོ་ཚང་དུ་གཏོང་དགོས། དེའི་རིགས་དབྱེ་ཁ་གསབ་ལམ་ལུགས་འཛུགས་པ་དང་འཐུས་སྒོ་ཚང་དུ་བཏང་ནས་སྤྱི་འདོམས་སྲུང་སྐྱོང་བྱེད་སྟངས་རིམ་བཞིན་འཚོལ་ཞིབ་བྱེད་དགོས་པ་ཚུད་ཡོད། རྒྱལ་ཁབ་ཀྱི་སྐྱེ་ཁམས་བདེ་འཇགས་ཀྱི་གཙོ་གནད་ལ་དམིགས་ནས་ཕྱོགས་བསྡུས་ཁ་གསབ་ལམ་ལུགས་འཐུས་སྒོ་ཚང་དུ་གཏོང་དགོས། དེའི་ནང་གཞུང་རྒྱུད་ཀྱི་ཁ་གསབ་བྱེད་ཤུགས་ཆེ་རུ་གཏོང་བ་དང་། གཞུང་རྒྱུད་ཀྱི་ཁ་གསབ་གཙོ་གནད་འབུར་དུ་ཐོན་པ། གཞུང་རྒྱུད་ཀྱི་ཁ་གསབ་བྱེད་ཐབས་ལེགས་བཅོས། གཞུང་རྒྱུད་ཀྱི་ཁ་གསབ་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་དགོས་པ་བཅས་ཚུད་ཡོད། དེའི་ནང་ཁྲོམ་རའི་ལམ་སྲོལ་གྱི་ནུས་པ་འདོན་སྤེལ་བྱས་ནས་སྣ་མང་ཅན་གྱི་ཁ་གསབ་ལ་མགྱོགས་མྱུར་སྐུལ་འདེད་གཏོང་དགོས། ད་དུང་ཁྲོམ་རའི་ཉོ་ཚོང་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ་དང་། ཁྲོམ་ར་ཅན་གྱི་མ་དངུལ་བསྡུ་སྒྲིལ་ཐབས་ལམ་རྒྱ་ཆེར་གཏོང་བ། སྣ་མང་ཅན་གྱི་ཁ་གསབ་བྱེད་ཐབས་འཚོལ་ཞིབ་བྱེད་དགོས་པ་ཚུད་ཡོད། འབྲེལ་ཡོད་ཁྱབ་ཁོངས་ཀྱི་ལེ་ལག་ཚང་བའི་བྱེད་ཐབས་འཐུས་སྒོ་ཚང་དུ་བཏང་ནས་སྒྱུར་བཅོས་མཐུན་སྦྱོར་ལ་ཤུགས་སྣོན་རྒྱག་དགོས། དེའི་ནང་ཁྲིམས་སྐྱོང་འཛུགས་སྐྱོང་ལ་མགྱོགས་མྱུར་སྐུལ་འདེད་གཏོང་བ་དང་། སྐྱེ་ཁམས་ཁོར་ཡུག་གི་ལྟ་ཞིབ་ཚད་ལེན་མ་ལག་འཐུས་སྒོ་ཚང་དུ་གཏོང་བ། ནོར་ཁྲལ་སྲིད་ཇུས་ཀྱི་སྙོམས་སྒྲིག་ནུས་པ་འདོན་སྤེལ་བྱེད་པ། འབྲེལ་ཡོད་ལེ་ལག་ཚང་བའི་སྲིད་ཇུས་བྱེད་ཐབས་འཐུས་སྒོ་ཚང་དུ་གཏོང་བ་བཅས་ཚུད་ཡོད། སྐྱེ་ཁམས་སྲུང་སྐྱོང་གི་འགན་འཁྲིའི་འདུ་ཤེས་བརྟན་པོར་བཙུགས་ནས་སྐུལ་ལྕག་དང་གཅུན་འདོམས་ལ་ཤུགས་སྣོན་རྒྱག་དགོས། དེའི་ནང་བྱེད་པོའི་འགན་འཁྲི་དོན་འཁྱོལ་དང་། དཔྱད་བསྡུར་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ། འགན་འཁྲི་བདའ་འདེད་ལ་ལྟ་སྐུལ་བྱ་རྒྱུར་ཤུགས་སྣོན་རྒྱག་དགོས་པ་བཅས་ཚུད་ཡོད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1