ཝང་དབྱང་གིས་རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞིའི་གྲོས་ཚོགས་གཙོ་སྐྱོང་གནང་བ།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས། སྤེལ་དུས། 09-15



        འདི་ག་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། སྤྱི་ཚེས་13ཉིན། སྲིད་གྲོས་སྐབས་བཅུ་གསུམ་པའི་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞིའི་གྲོས་ཚོགས་ཐེངས་ང་དགུ་པ་དེ་པེ་ཅིང་དུ་སྐོང་འཚོགས་བྱས་པ་རེད། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུད་ཀྱི་རྒྱུན་ལས་ཨུ་ཡོན། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཝང་དབྱང་གིས་གྲོས་ཚོགས་གཙོ་སྐྱོང་གནང་བ་མ་ཟད་གསུང་བཤད་ཀྱང་གནང་བ་རེད།
        གྲོས་ཚོགས་ཐོག་རྒྱལ་ཡངས་སྲིད་གྲོས་ཀྱི་གྲོས་གཞི་ཨུ་ཡོན་ལྷན་ཁང་དང་དཔལ་འབྱོར་ཨུ་ཡོན་ལྷན་ཁང་། ཞིང་ལས་དང་གྲོང་གསེབ་ཨུ་ཡོན་ལྷན་ཁང་བཅས་ཀྱིས་སྤྱི་ལོ་2021ལོར་སྤེལ་བའི་དམངས་གཙོ་ལྟ་སྐུལ་ཆེད་དོན་ལས་དོན་གནས་ཚུལ་གྱི་སྙན་ཞུར་གསན་འཇོག་བྱས་པ་རེད།
ཝང་དབྱང་གིས། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་ནས་བཟུང་། ཏང་ཀྲུང་དབྱང་གིས་མི་དམངས་སྲིད་གྲོས་ཀྱི་དམངས་གཙོའི་ལྟ་སྐུལ་ནུས་པ་འདོན་སྤེལ་གང་ལེགས་བྱེད་རྒྱུར་ཚད་མཐོའི་མཐོང་ཆེན་གནང་བ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གསུང་བཤད་གལ་ཆེན་ཐེངས་མང་གནང་བ། མཆན་བཀོད་གལ་ཆེན་རབ་དང་རིམ་པ་གནང་བ་བཅས་ཀྱིས་དུས་རབས་གསར་པའི་སྲིད་གྲོས་དམངས་གཙོའི་ལྟ་སྐུལ་ལས་དོན་ལེགས་པོ་བསྒྲུབ་རྒྱུའི་ཐད་ཁ་ཕྱོགས་སྟོན་གནང་ཡོད། ཀྲུང་གུང་ཀྲུང་དབྱང་གི་ཆོག་མཆན་གནང་བ་རྒྱུད། ད་ལོ་རྒྱལ་ཡོངས་སྲིད་གྲོས་ཀྱིས་ལོ་ལྔ་ཚན་གྱི་འཆར་འགོད་བཅུ་བཞི་པ་ལག་ལེན་བསྟར་རྒྱུར་དམིགས་ནས་དམངས་གཙོ་ལྟ་སྐུལ་ལས་དོན་སྤེལ་རྒྱུའི་འཆར་འགོད་གཏན་འབེབས་བྱས་པ་དང་། ཆེད་དོན་ཨུ་ཡོན་ལྷན་ཁང་ཁག་གིས་ལོ་འགོར་གཏན་ཁེལ་བྱུང་བའི་དམངས་གཙོ་ལྟ་སྐུལ་གྱི་བརྗོད་གཞི་གཙོ་བོ་སྒྲིག་འཛུགས་དང་ལག་ལེན་ནན་ཏན་བསྟར་ཐོག འབད་བརྩོན་ཆེན་པོས་ལག་ལེན་འཚོལ་ཞིབ་བྱས་པ་དང་ཐོག་མའི་འཕེལ་རིམ་འཐོབ་ཡོད་ཅེས་གསུངས་པ་རེད།
        ཝང་དབྱང་གིས། ལོ་ལྔ་ཚན་གྱི་འཆར་འགོད་བཅུ་བཞི་པའི་རིང་དམངས་གཙོ་ལྟ་སྐུལ་ལག་ལེན་བསྟར་རྒྱུར་ཐོག་མཐའ་བར་གསུམ་དུ་དམ་འཛིན་ངང་སྐུལ་འདེད་གཏོང་དགོས་པ་དང་། གནད་དོན་ཞིབ་ཕྲ་ནས་འགོ་རྩོམ་པ་དང་བརྟག་དཔྱད་ཞིབ་འཇུག་གཏིང་ཟབ་བྱེད་པ། གནད་དོན་གནད་འཕིགས་འཚོལ་ཞིབ་ཀྱིསཐག་གཅོད་བྱེད་པ། གྲོས་མོལ་སྤེལ་རེས་གཏིང་ཟབ་བྱེད་པ། དེ་བས་གནད་འཕིགས་དང་གནད་འཁེལ་གྱི་ལྟ་སྐུལ་གྲོས་འགོ་འདོན་དགོས། སྲིད་གྲོས་དམངས་གཙོའི་ལྟ་སྐུལ་གྱི་ཁྱད་ཆོས་ཁོང་དུ་ཡག་པོ་ཆུད་པ་བྱེད་པ་དང་། ལྟ་སྐུལ་ལ་མངག་བཅོལ་བྱེད་པ་དེ་གྲོས་གཞིའི་ནང་གནས་པའི་བྱེད་ཐབས་ཐབས་ལམ་འཚོལ་ཞིབ་བྱེད་དགོས་པ་དང་། ཉམས་མྱོང་ཟམ་མི་ཆད་པར་ཕྱོགས་སྡོམ་བྱེད་པ་དང་། ཕན་ཚུན་སྤེལ་རེས་དཔྱད་གཞིར་བཟུང་བ། འབད་བརྩོན་ཆེན་པོས་སྲིད་གྲོས་ཀྱི་དམངས་གཙོ་ལྟ་སྐུལ་གྱི་ཕན་ནུས་མཐོ་རུ་གཏོང་དགོས་ཞེས་ནན་སྟོན་གནང་བ་རེད།
        ཀྲུའུ་ཞིའི་གྲོས་ཚོགས་ཐོག་སྤྱི་ལོ་2021ལོའི་མཉམ་སྡེབ་སློབ་སྦྱོང་ཐེངས་གསུམ་པ་བྱས་པ་དང་། རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན། ཆིང་ཧྭ་སློབ་གྲྭ་ཆེན་མོའི་རང་རྒྱལ་གྱི་གནའ་བོའི་རིག་གནས་ཞིབ་འཇུག་ཁང་གི་འགོ་འཛིན་ཁྲེན་ལེས་གདན་ཞུས་ལྟར་འགོ་བརྗོད་དུ་ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་ཀྱི་རྒྱུད་འཛིན་གོང་འཕེལ་དང་གསར་གཏོད་རང་བཞིན་གྱི་སྤོ་བསྒྱུར་ཞེས་པའི་སྙན་ཞུ་གནང་བ་རེད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1