ཡོ་རོབ་གླིང་མནའ་འབྲེལ་གྱིས་འཕྲོད་བསྟེན་འཕྲལ་སྒྲུབ་གྲ་སྒྲིག་དང་ཐག་གཅོད་ལས་ཁུངས་འཛུགས་རྒྱུ་ཁྱབ་བསྒྲགས་བྱས།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།མཚོ་སྔོན་བོད་སྐད་རླུང་འཕྲིན། སྤེལ་དུས། 09-18


        ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཡོ་རོབ་གླིང་མནའ་འབྲེལ་ཨུ་ཡོན་ལྷན་ཁང་གིས་ཚེས་བཅུ་དྲུག་ཉིན་ཡོ་རོབ་གླིང་མནའ་འབྲེལ་གྱི་འཕྲོད་བསྟེན་འཕྲལ་སྒྲུབ་གྲ་སྒྲིག་དང་ཐག་གཅོད་ལས་ཁུངས་བཙུགས་ཏེ། འཕྲོད་བསྟེན་བྲེལ་མྱུར་གནས་ཚུལ་སྔོན་འགོག་དང་མྱུར་མོར་ཐག་གཅོད་བྱེད་དགོས་པ་ཁྱབ་བསྒྲགས་བྱས། 
        ཡོ་རོབ་གླིང་མནའ་འབྲེལ་ཨུ་ཡོན་ལྷན་ཁང་གིས་ཉིན་དེར་གསལ་སྒྲོག་སྤེལ་ཏེ། ལས་ཁུངས་དེས་གསང་འཕྲིན་འཚོལ་སྡུད་དང་དགོས་ངེས་ཀྱི་ཐག་གཅོད་ནུས་པར་བརྟེན་ནས། འཇིགས་ཉེན་དང་མི་མངོན་པའི་བདེ་ཐང་ཉམས་ཉེན་ལ་ཚོད་དཔག་བྱེད་དགོས། ལས་ཁུངས་དེས་ད་རུང་སྨན་རྫས་དང་འགོག་སྨན། ལག་ཤུབས་དང་ཁ་ཐུམ་སོགས་སྨན་བཅོས་ཀྱི་ཡོ་བྱད་གཞན་པའི་གསར་སྤེལ་དང་ཐོན་སྐྱེད། བགོ་བཤའ་བཅས་ལ་འགན་སྲུང་བྱེད་དགོས་ཟེར། 
        གསལ་སྒྲོག་ལས་བཤད་རྒྱུར། ལས་ཁུངས་དེས་གྲ་སྒྲིག་དང་ཐག་གཅོད་ཕྱོགས་གཉིས་ནས་འགུལ་སྐྱོད་སྤེལ་རྒྱུ་ཡིན། ཉམས་ཉེན་མ་ཡིན་པའི་གནས་ཚུལ་འོག ལས་ཁུངས་དེས་དངུལ་གཏོང་ལ་ཁྲིད་སྟོན་བྱས་ཤིང་། སྔོན་འགོག་ལ་ཤུགས་སྣོན་དང་འཕྲོད་བསྟེན་འཇིགས་ཉེན་ཐག་གཅོད་པར་གྲ་སྒྲིག་བྱེད་རྒྱུ་ཡིན་པ་དང་། ཉམས་ཉེན་གྱི་གནས་ཚུལ་འོག ལས་ཁུངས་དེས་འབྲེལ་ཡོད་ཉམས་ཉེན་ཐག་གཅོད་བྱེད་པའི་བྱེད་ཐབས་དུས་ལྟར་འདོན་སྤྲོད་དང་བཀོད་སྒྲིག་གང་ལེགས་བྱེད་རྒྱུ་ཡིན་ཟེར། 
        གསལ་སྒྲོག་ལས་བཤད་རྒྱུར། ཡོ་རོབ་གླིང་མནའ་འབྲེལ་གྱིས་མ་འོངས་པའི་ལོ་དྲུག་གི་ནང་ལས་ཁུངས་དེར་སྤྱིའི་མ་དངུལ་ཡོ་སྒོར་ཐེར་ཆེན་གསུམ་ཙམ་འདོན་སྤྲོད་བྱེད་རྒྱུ་ཡིན། གལ་ཏེ་རྒྱལ་ཁབ་རིམ་པ་དང་སྒེར་གཉེར་སྡེ་ཁག་གི་དངུལ་གཏོང་ལ་བསམ་བློ་བཏང་ན་མ་དངུལ་ལྷག་ཏུ་མང་བོ་འདུས་སྲིད་ཟེར། 
        ཡོ་རོབ་གླིང་མནའ་འབྲེལ་གྱི་ནང་ཁུལ་ཚོང་རའི་ཨུ་ཡོན་པུའུ་ལོས་ཏོན་གྱིས་ཉིན་དེའི་གསར་འགོད་པའི་སྣེ་ལེན་ཚོགས་འདུའི་སྟེང་བསྟན་དོན། ང་ཚོས་མ་འོངས་པའི་བདེ་ཐང་ཉམས་ཉེན་ལ་གྲ་སྒྲིག་གང་ལེགས་བྱས་ཏེ། ཡོ་རོབ་གླིང་གིས་དགོས་མཁོ་ཡོད་དུས་མྱུར་མོར་འགུལ་སྐྱོད་སྤེལ་བར་རོགས་རམ་བྱེད་རྒྱུ་ཡིན་ཟེར།  །


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1