བོད་ཀྱི་འཁྲབ་ཁྲིད་པ་ཟོན་ཐར་རྒྱལ་གྱི་གློག་བརྙན་བརྩམས་ཆོས་གསར་བ་《གཙང་བོ།》བྷིར་ལིན་རྒྱལ་སྤྱིའི་གློག་བརྙན་དུས་ཆེན་དུ་ཚུད་པ།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 01-27


              སྤྱི་ཟླ་1པོའི་ཚེས་26ཉིན། སྐབས་65པའི་བྷིར་ལིན་རྒྱལ་སྤྱིའི་གློག་བརྙན་དུས་ཆེན་དུ་གནས་ཚུལ་བསྒྲགས་དོན། བོད་ཀྱི་འཁྲབ་ཁྲིད་པ་ཟོན་ཐར་རྒྱལ་གྱིས་འཁྲབ་ཁྲིད་བྱས་པའི་གློག་བརྙན་གསར་བ་《གཙང་བོ།》དེ་སྐབས་65པའི་བྷིར་ལིན་གློག་བརྙན་དུས་ཆེན་གྱི་གསར་ཐོན་རྣམ་གྲངས་སུ་ཚུད་འདུག་ཅིང་། མི་འགྱངས་པར་འཇར་མན་གྱི་རྒྱལ་ས་བྷིར་ལིན་དུ་ཐོག་མར་ལྟད་མོ་བ་དག་གི་སྤྱན་སྔར་འགྲེམ་སྟོན་བྱ་རྒྱུ་རེད།

             འདི་ནི་བོད་ཀྱི་འཁྲབ་ཁྲིད་པ་ཞིག་གི་བརྩམས་ཆོས་བྷིར་ལིན་གློག་བརྙན་དུས་ཆེན་དུ་ཚུད་པ་ཐེངས་དང་པོ་དེ་ཡིན་ལ། གློག་བརྙན་འདིར་ཨ་མ་རིན་སྒྲོལ་ལ་ཡང་བསྐྱར་མངལ་ཆགས་ནས་བྱིས་པ་སྐྱེ་རག་བར་གྱི་དུས་ཚིགས་ཀྱི་འགྱུར་བ་གཞིར་བྱས་ཏེ། བུ་མོ་ཆུང་ཆུང་དབྱངས་ཅན་ལྷ་མོའི་མིག་ནང་གི་ཨ་མྱེས་དང་ཨ་ཕ་གུ་རུ་གཉིས་ཀྱི་མངོན་ལྐོག་གི་འབྲེལ་བ་དང་། དེ་བཞིན་མོ་དང་ཨ་ཕའི་བར་གྱི་ཐོགས་རེག་བྲལ་བའི་ནང་སེམས་ཀྱི་འགལ་འདུ་དང་བརྩེ་བ་གཙོ་བོར་བྱས་ཏེ་ཕལ་བའི་ཁྱིམ་ཚང་ཞིག་གི་སྐྱིད་སྡུག་བརྗོད་ཡོད།


              འཁྲབ་ཁྲིད་པ་ཟོན་ཐར་རྒྱལ་གྱི་གློག་བརྙན་བརྩམས་ཆོས་ཐོག་མ་《དབུས་ལམ་གྱི་ཉི་མ།》ལ་ཁེ་ན་ཏའི་ཝན་ཁུས་ཝུར་རྒྱལ་སྤྱི་གློག་བརྙན་དུས་ཆེན་སྟེང་གསར་ཐོན་འཁྲབ་ཁྲིད་པའི་སྟག་འབྲུག་བྱ་དགའ་སོགས་རྒྱལ་སྤྱི་རིམ་པའི་བྱ་དགའ་ཐོབ་མྱོང་ལ།   གློག་བརྙན་《གཙང་བོ་》ཡང་ཁོའི་གློག་བརྙན་བརྩམས་ཆོས་ཐོག་མ་དང་འདྲ་བར། ཆ་ཚང་ཁོ་རང་གི་ཕ་ཡུལ་ནས་ཕབ་བསྐྲུན་བྱས་པ་ཞིག་རེད། ཟོན་ཐར་རྒྱལ་གྱིས་ནམ་ཡང་ཕ་ཡུལ་གྱི་ཡུལ་མི་དཀྱུས་མ་དེ་དག་གི་འཚོ་བ་དང་བརྩེ་དུང་ཡིད་ལ་འཇོག་པར་བྱེད་ཅིང་།  ཚེ་སྲོག་གི་རྩིས་ཐང་དང་མི་ཆོས་ཀྱི་ལྟ་བ་ནི་ནམ་ཡང་བོད་མི་རེ་རེའི་ནང་སེམས་ཀྱི་ཟབ་སར་སིམ་ཡོད་པ་འདྲ། ཟོན་ཐར་རྒྱལ་གྱི་གློག་བརྙན་བརྩམས་ཆོས་ཐོག་མ་《དབུས་ལམ་གྱི་ཉི་མ།》ཡི་ནང་གི་མི་སྣ་གཙོ་བོའི་དབུས་བཞུད་རིང་མོ་དེ་ཡང་ནང་སེམས་ཀྱི་ཐར་བ་འཚོལ་ཞིང་དང་རྣམ་ཤེས་ལ་གཙང་སེལ་བྱེད་པའི་འགྲུལ་བཞུད་ཐེངས་ཤིག་ཡིན་ལ། དེ་བཞིན་དུ་ཐེངས་འདིའི་གློག་བརྙན་《གཙང་བོར》ཡང་། མི་རབས་གསུམ་གྱི་བར་ཐག་དང་ཤ་ཞེན་དེ་ཐོགས་རེག་བྲལ་བའི་ནང་སེམས་ཀྱི་འགལ་འདུ་ལས་མཚོན་པར་བྱས་ཡོད། །


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1